བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ།

༄༅། ། ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་དབུས་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་པའི་པོན་ཌི་ཅ་རི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཤྲི་ཨར་ཝིན་དྷར་བཟོ་སྐྲུན་རིག་པའི་མཐོ་རིམ་སློབ་གཉེར་ཁང་ (Sri Aravindar Engineering College) དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེ་གའི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་ “བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་འཚོགས་གནང་ཡོད།

བགྲོ་གླེང་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་དང་། ས་གནས་ཀྱི་མཁས་དབང་། སློབ་དཔོན་ཆེན་མོ། ཉམས་ཞིབ་པ། བཟོ་སྐྲུན་རིག་པའི་མཐོ་རིམ་སློབ་གཉེར་ཁང་དེའི་སློབ་མ། ས་གནས་ཨོ་རོ་ཝིལེ་ལ་ཡོད་པའི་བོད་ཀྱི་རིག་གཞུང་ཁང་ (Auroville Pavilion of Tibetan Culture) གི་ལས་བྱེད་དང་སློབ་ཕྲུག ས་གནས་ཀྱི་གསར་འགོད་པ། དེ་བཞིན་བགྲོ་གླེང་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྒེར་དྲུང་བསྟན་འཛིན་ཤེས་རབ་ལགས་བཅས་ཁྱོན་ཚོགས་བཅར་བ་ ༢༣༠ ཙམ་མཉམ་ཞུགས་གནང་ཡོད།

སྐབས་དེར་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་འདུའི་དགོས་དམིགས་དང་། གསུང་བཤད་གནང་མཁན་རྣམ་པའི་ལོ་རྒྱུས་ངོ་སྤྲོད། འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། དེ་རྗེས་ཉམས་ཞིབ་པ་ཁེ་ལཱོ་ཌི་ ཨར་པི་ (Mr.Claude Arpi) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཁོང་གིས་བོད་ཀྱི་གནད་དོན་གལ་འགངས་ཇི་ལྟར་ཆེ་བའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས། རྒྱ་གར་དབུས་གཞུང་གི་དམག་སྤྱི་ཟུར་པ་སྐུ་ཞབས་ཨེན་ཨེསེ་ མ་ལིག་ (Lt.Gen N.S.Malik) མཆོག་གིས་རྒྱ་གར་སྲུང་སྐྱོབ་ཀྱིས་བོད་དོན་ལ་ཤུགས་རྐྱེན་གང་འབྱུང་མིན་དང་། རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས། རྒྱ་ནག་གཞུང་གིས་རྒྱ་གར་ལ་དཀའ་ངལ་ཇི་ལྟར་སྤྲོད་ཀྱི་ཡོད་མིན། བོད་རང་དབང་ཡོད་སྐབས་རྒྱ་གར་ས་མཚམས་སྲུང་སྐྱོབ་ཐད་དཀའ་ངལ་གང་ཡང་མེད་སྐོར། བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཡིན་པ་བཅས་ཀྱི་ཐོག་ལ་གསུང་བཤད་སྐར་མ་ ༣༠ ཙམ་གནང་ཡོད་འདུག་པ་དང་།

དེ་ནས་སློབ་དཔོན་ཆེན་མོ་སྐུ་ཞབས་མུར་ཏིས་ (Prof.G.S.Murthy) མཆོག་གིས་བོད་ཀྱི་ནང་ཆོས་དང་རིག་གཞུང་སྐོར་ལ་གསུང་བཤད་སྐར་མ་ ༣༠ ཙམ་གནང་ཞིང་། དེའི་སྐབས་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་བའི་ཆ་ནས་རྒྱ་གར་གྱི་གནའ་རབས་རིག་གཞུང་དང་འབྲེལ་བ་ཟབ་མོ་ཡོད་པ་དང་། རྒྱ་གཞུང་གིས་བོད་དེ་བཙན་བཟུང་བྱས་ཡོད་ཀྱང་། བོད་ཕྱི་ནང་གཉིས་ཀར་བོད་མི་ཚོས་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་ཡོད་པ། དེ་དག་ཁོང་ཉིད་རྡ་སར་བཅར་སྐབས་དངོས་སུ་མཐོང་ཐོས་བྱུང་སྐོར། དེ་བཞིན་བོད་པ་ཚོ་སངས་རྒྱས་ཀྱི་ཆོས་ཉམས་ལེན་གནང་མཁན་ཞིག་ཡིན་པའི་ཆ་ནས། ཡ་རབས་ཚུལ་མཐུན་ཡོད་པ་ཙམ་མ་ཟད་སེམས་པ་བཟང་པོ་ཡོད་པ། ལྷག་པར་དུ་༧གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་ཉིད་རྒྱ་གར་ལའང་གལ་འགངས་ཆེན་པོ་ཡིན་པ་གསུང་པ་མང་པོ་ཐོས་པའི་གོ་སྐབས་བྱུང་སྐོར། བོད་ཀྱི་གནས་གངས་དཀར་ཏི་སི་དེ་ཡང་རྒྱ་གར་གྱི་གནས་ཁྱད་འཕགས་ཤིག་ཡིན་པ་དང་། ད་ལྟའི་དུས་ཚོད་ལ་བོད་རྒྱ་དམར་གྱི་བཙན་འོག་ལ་ཡོད་སྟབས། རྒྱ་གར་གྱི་གནས་སྐོར་བ་རྣམས་ལ་དཀའ་ངལ་ཚད་མེད་འཕྲད་བཞིན་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་ཐོག་བགྲོ་གླེང་གནང་རྒྱུ་དེ་བོད་པ་གཅིག་པུའི་ཆེད་དུ་མིན་པར་རྒྱ་གར་བ་རྣམས་ལའང་གལ་ཆེན་ཆགས་ཡོད་པར་ཚང་མས་དོ་སྣང་གནང་གལ་ཆེ་བ་མ་ཟད། བོད་དོན་བདེན་མཐའ་གསལ་ཐབས་ཆེད་དུ་རྒྱ་གར་བ་ཚོས་རྒྱབ་སྐྱོར་གནང་དགོས་པ་གལ་ཆེ་ཡིན་སྐོར་བཅས་གསུངས་གནང་འདུག

བོད་དང་རྒྱ་དཀར་ནག་གསུམ་གྱི་ཐོག་ཉམས་ཞིབ་པ་དང་བགྲོ་གླེང་ཚོགས་འདུའི་གཙོ་སྐྱོང་བ། སྐུ་ཞབས་ཁེ་ལཱོ་ཌི་ ཨར་པི་ (Mr.Claude Arpi) མཆོག་གིས་ཕྱི་ལོ་ ༡༩༥༠ གོང་གི་རྒྱ་གར་གྱི་ཕྱི་སྲིད་དང་། དེའི་རྗེས་ཀྱི་སྲིད་བྱུས་གཉིས་དབར་ཁྱད་པར་ཆེན་པོ་ཡོད་སྐོར་དང་། ལྷག་པར་དུ་བོད་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་རྗེས་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་སྐབས་རྒྱ་གར་ལ་ཕམ་ཉེས་ཆེན་པོ་བྱུང་བ་དང་། དེ་བཞིན་རྒྱ་དཀར་ནག་གཉིས་དབར་འབྲོག་ལམ་ལྟ་བུའི་ས་མཚམས་ཀྱི་དཀའ་རྙོག་འཕྲད་བཞིན་པ་དེ་དག་གཙོ་བོ་རྒྱ་གར་གྱིས་བོད་ཐོག་སྲིད་བྱུས་འཛིན་སྟངས་ནོར་བ་ལས་བྱུང་བ་དངོས་འབྲེལ་ཡིན་པ། བྱས་ཙང་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གཞུང་གིས་སྲིད་བྱུས་ཡང་དག་ཅིག་གཟུང་དགོས་པ་གནད་འགག་དང་། ད་ལྟ་བོད་པའི་དཀའ་རྙོག་དེ་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བཞིན་ཡོད་སྟབས། རྒྱ་གར་གཞུང་གི་དཔོན་རིགས་ཚོས་རྒྱ་མིའི་དཔོན་རིགས་དང་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སྐོར་གསུང་དགོས་པ་གལ་ཆེ་ཡིན་སྐོར་བཅས་གསུངས་གནང་འདུག

དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་གིས་རྒྱ་གར་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་སྐོར་ལ་གནད་དོན་བཞིའི་ཐོག་ནས་གསུང་བཤད་སྐར་མ་ ༢༥ ཙམ་གནང་ཡོད་པ་དང་། དེ་ཡང་གནད་དོན་བཞི་ནི། བོད་དེ་འཛམ་གླིང་གི་ཡང་ཐོག་ཡིན་པ་དང་། བོད་དེ་ཆར་ཆུའི་འབྱུང་ཁུངས་ཡིན་པ། བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ། དེ་བཞིན་བོད་དེ་ཨེ་ཤེ་ཡའི་ཆུ་བོའི་འབྱུང་ཁུངས་ཡིན་པ་བཅས་དང་། བོད་ནས་བབས་བཞིན་པའི་ཆུ་བོ་ཆེན་པོ་དྲུག་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ ༡༠ ཡི་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་གྱིས་འཚོ་བར་རྟེན་བཞིན་ཡོད་པ་དང་། ད་ཆ་རྒྱ་ནག་གཞུང་གིས་ཆུ་བོ་དེ་དག་འབག་བཙོག་བཟོ་བ་དང་། ཁ་བསྒྱུར་བ་བཅས་ཀྱི་བེད་སྤྱོད་ལོག་པ་བྱེད་བཞིན་ཡོད་པས། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་དང་། དམིགས་བསལ་རྒྱ་གར་ལ་དཀའ་ངལ་འཕྲད་གཞི་ཡིན་སྟབས། ཚང་མས་དེའི་ཐོག་ལ་ཡིད་གཟབ་དང་ཐུགས་སྣང་གནང་སྟེ་རྒྱ་གཞུང་གི་བྱུས་ངན་ལ་གདོང་ལེན་གྱིས་མ་འོངས་པར་བོད་ཀྱི་ཆུ་བོ་དེ་དག་ལ་རྟེན་པའི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་ཐོག་ཆིངས་ཡིག་འཇོག་ཐབས་གནང་ཐུབ་ན་དགེ་མཚན་ཆེ་སྐོར་བཅས་གསུངས་འདུག 

དེ་རྗེས་བགྲོ་གླེང་གཙོ་སྐྱོང་གནང་མཁན་སྐུ་ཞབས་ཁི་ལཱོརཨར་པིས་ (Mr.Claude Arpi) མཆོག་ནས་བགྲོ་གླེང་ཕྱོགས་བསྡོམས་དང་། མཇུག་ཏུ་ཤྲི་ཨར་ཝིན་དྷར་བཟོ་སྐྲུན་རིག་པའི་སློབ་གཉེར་ཁང་གི་སློབ་སྤྱི་ཤྲི་ ཀེ་ གྷ་ནི་ཤན་ (Mr. k.Ganeshan) མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བགྲོ་གླེང་ཚོགས་འདུའི་ཐོག་ཕེབས་པའི་གདན་ཞུས་མཁས་དབང་རྣམ་པ་དང་། སློབ་གྲྭའི་སློབ་སྤྱིས་གཙོས་པའི་མཐུན་སྦྱོར་གནང་མཁན་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཕྱག་རྟགས་དང་མཇལ་དར་འབུལ་བཞེས་གནང་ཡོད་འདུག

བགྲོ་གླེང་ཚོགས་འདུ་འདིའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་སྐྲུན་ཞུས་པའི་གྲོས་ཚོགས་ཀྱི་དུས་དེབ་དང་། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པའི་ཆེད་དེབ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་རང་ལུས་མེར་སྲེག་གནང་བའི་དེབ་བཅས་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཁག་ ༧ ཚོགས་བཅར་བ་རྣམས་ལ་འགྲེམས་སྤེལ་གནང་ཡོད་པ་བཅས། །