བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པར་དེ་ཤིའི་ (Andhra Pradesh) མངའ་སྡེའི་རྒྱལ་ས་ཝི་ཇཱ་ཡ་ཝ་ཌ། (Vijayawada) རུ་རྟེན་གཞི་བྱས་པའི་སི་དྷར་ཏཱ་སྨན་སྦྱོར་གཙུག་ལག་སློབ་གཉེར་ཁང་ (KVSR Siddhartha College of Pharmaceutical Sciences) དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེ་གའི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་ “བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་ཆེ་ཚུལ།” ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གནང་ཡོད་པ་དང་། བགྲོ་གླེང་གནང་མཁན་ནང་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཤི་རི་ཀན་ཌ་ ཀོན་ཌ་པཱ་ལི་ (Prof.Srikanth Kondapali,Professor in Chinese Studies,Centre for East Asian Studies JNU) མཆོག་དང་།  རྒྱ་གར་དབུས་གཞུང་གི་དམག་སྤྱི་ཟུར་པ་སྐུ་ཞབས་པི་ ཇི་ ཀཱ་མ་ཐི་ (Lt Gen PG Kamath,Veteran General Indian Army,Leadership Development Specialist and Defense Analyst) མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་བཅས་ཕེབས་གནང་ཡོད།

དེ་ཡང་ཐོག་མར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་དང་ཕེབས་བསུའི་འཚམས་འདྲི་ཞུས་གནང་ཡོད་པ་དང་། དེ་ནས་རྒྱ་གར་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཀོན་ཌ་པཱ་ལི་ (Prof.Srikanth Kondapali) མཆོག་གིས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག  ཁོང་གིས་བོད་ཀྱི་གནད་དོན་གལ་འགངས་ཇི་ལྟར་ཆེ་བའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་རྗེས། རྒྱ་གར་དབུས་གཞུང་གི་དམག་སྤྱི་ཟུར་པ་སྐུ་ཞབས་པི་ ཇི་ ཀཱ་མ་ཐི་ (LT Gen PG Kamath) མཆོག་གིས་རྒྱ་གར་རྒྱལ་སྲུང་བདེ་འཇགས་ཀྱིས་བོད་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་ལ་གསུང་བཤད་སྐར་མ་ ༣༠ ཙམ་གནང་ཞིང་།

སྐབས་དེར་ཁོང་གིས་ལོ་རྒྱུས་ཐོག་ཏུ་བོད་རང་དབང་རང་བཙན་ཡིན་པའི་སྒྲུབ་བྱེད་དང་། བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་དབར་ཆིངས་ཡིག་ག་ཚོད་བཞག་མིན་སྐོར། ལྷག་པར་དུ་བོད་འདི་རྒྱ་དཀར་ནག་གཉིས་བར་གྱི་ཞི་བདེ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འཕགས་བོད་ས་མཚམས་ཞེས་པ་ལོ་རྒྱུས་ཐོག་ཡོད་པ་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་གཏན་ནས་མེད་པའི་སྐོར་དང་། དེ་བཞིན་བོད་དེ་རྒྱའི་བཙན་འོག་ཏུ་ཚུད་རྗེས། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཐབ་བྱུང་བ་དེ་ནས་བཟུང་དུས་ད་ལྟ་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐུབ་མེད་པ་དང་། མ་འོངས་པར་བོད་ཀྱི་གནད་དོན་མ་སེལ་བར་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་དེ་མུ་མཐུད་གནས་རྒྱུ་ཡིན་ན། རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་གནད་དོན་ཐོག་ནུས་པ་དང་སྲིད་བྱུས་ཡོད་པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་ཁ་ཡོད་ལག་ཡོད་གནང་དགོས་པ་བཅས་གསུངས་གནང་སོང་།

སྐུ་ཞབས་ཁོང་ནི་མི་ཚེ་ཧྲིལ་པོ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་གནང་མྱོང་བའི་དམག་སྤྱི་མཐོ་ཤོས་ཨང་རིམ་གཉིས་པ་དེ་ཡིན་པ་དང་། དེང་སྐབས་རྒྱ་གར་གཙོས་ཕྱིའི་རྒྱལ་ཁབ་ཁག་ལ་རྒྱ་གར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་འབྲེལ་བའི་གསུང་བཤད་གནང་མཁན་དྲག་གྲས་ཞིག་ཡིན་འདུག  

དེ་ནས་སློབ་དཔོན་ཆེན་མོ་ཀོན་ཌ་པཱ་ལི་ (Prof.Srikanth Kondapali) མཆོག་གིས། རྒྱ་གར་གྱི་ཕྱི་སྲིད་ཀྱིས་བོད་དོན་ཐོག་ཤུགས་རྐྱེན་ཇི་ཙམ་ཡོད་པའི་སྐོར་ལ་གསུང་བཤད་སྐར་མ་ ༢༠ ཙམ་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་གར་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་ཕྱི་ལོ་ ༡༩༥༩ ནས་ད་བར་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། རྒྱ་གར་སྲིད་གཞུང་ནས་ནང་ཆོས་དེ་ཉིད་གལ་ཆེར་བརྩི་བའི་ཐོག་སྲུང་སྐྱོབ་ཡོང་སླད་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཚོགས་འདུ་སྐོང་འཚོགས་གནང་བཞིན་ཡོད་པ། དེ་བཞིན་༧གོང་ས་མཆོག་གི་དགོངས་གཞི་དང་དཔལ་ན་ལེནྡྲའི་ལྟ་གྲུབ་དར་སྤེལ་དང་སྲུང་སྐྱོབ་ཡོང་ཆེད་རྒྱ་གར་གཞུང་ནས་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མཐོ་སློབ་ཁག་མང་པོར་མཐུན་སྦྱོར་གནང་བཞིན་ཡོད་ནའང་། བོད་མི་རྣམས་ལ་རྒྱ་གར་མི་སེར་ལྟར། རང་བདག་ས་ཆ་ཉོ་ཚོང་དང་རྒྱ་གར་གཞུང་གི་ནང་ལས་གནས་ཐོབ་རྒྱུའི་ཐོབ་ཐང་མེད་སྐོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་རྒྱུན་འཁྱོངས་ཐུབ་སླད་བོད་མི་སོ་སོའི་ངོས་ནས་དཔལ་འབྱོར་ཞལ་འདེབས་འབུལ་བཞིན་པའི་ཐོག  རྒྱ་གར་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་དང་མཐུན་སྦྱོར་ཐོབ་བཞིན་ཡོད་གནས། ལྷག་པར་༧གོང་ས་མཆོག་ནས་བོད་མིའི་སྒྲིག་འཛུགས་འདི་ཉིད་མང་གཙོ་ཚད་ལྡན་ཞིག་གི་ཐོག་ནས་བསྐྱོད་ཐུབ་པའི་ལམ་སྟོན་གནང་ཡོད་སྟབས། ད་ལྟ་བཙན་བྱོལ་ནང་བོད་མི་རྣམས་རང་དབང་གི་ཐོག་ནས་སྲིད་སྐྱོང་གཙོས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ཚད་ལྡན་ཐོག་གནང་ཐུབ་བཞིན་ཡོད་སྐོར་བཅས་གསུངས་གནང་སོང་།

སྐུ་ཞབས་ཁོང་ནི་རྒྱ་གར་གཙུག་ལག་སློབ་གཉེར་ཁང་རྙིང་པ་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་དང་ཨེ་ཤེ་ཡ་སྡེ་ཚན་གྱི་གཙོ་འཛིན་དང་སྙན་གྲགས་ཆེ་བའི་སློབ་དཔོན་ཆེན་མོ་ཞིག་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ལ་རྒྱ་གར་གི་སྲུང་སྐྱོབ་དང་ཕྱི་སྲིད་བཅས་ཀྱི་ཐོག་ལ་གསུང་བཤད་གནང་མཁན་གྲགས་ཅན་ཞིག་ཀྱང་རེད་འདུག

དེ་རྗེས་མུ་མཐུད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་དོན། བོད་ཀྱི་རིག་གཞུང་ཞེས་པ་དེ། རིག་གནས་བཅུ་ལ་གོ་དགོས་པ་དང་། རྒྱ་གཞུང་གིས་བོད་ཀྱི་རིག་གནས་བཅུ་གཙོས་པའི་ཡུལ་གོམས་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ། སྤྱིར་རྒྱལ་ཁབ་དང་མི་རིགས་སོ་སོར་རིག་གནས་ཀྱི་གྲངས་འདྲེན་མི་འདྲ་བ་ཡོད་ཀྱང་། བོད་ཀྱི་རིག་གནས་བཅུ་པོ་ནི། བཟོ་དང་གསོ་བ་སྒྲ་ཚད་ནང་དོན་རིག སྙན་ངག་རྩིས་དང་མངོན་བརྗོད་སྡེབ་སྦྱོར་ཟློས་གར་བཅས་ལ་བོད་ཀྱི་རིག་གནས་བཅུ་ཞེས་བརྗོད་བཞིན་ཡོད། དེ་དག་གི་ཁུངས་གཙོ་བོ་ནི་རྒྱ་གར་འཕགས་པའི་ཡུལ་ཆགས་ཀྱི་ཡོད་པ་དང་། ད་ལྟ་བཙན་བྱོལ་ནང་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གཞུང་མང་གཉིས་ཀྱི་མཐུན་སྦྱོར་འོག་བོད་ཀྱི་ཐུན་མིན་རིག་གཞུང་དེ་དག་སྲུང་སྐྱོབ་འཐུས་ཚང་བྱེད་ཐུབ་བཞིན་ཡོད་ཀྱང་། བོད་ནང་ད་ལྟའང་མུ་མཐུད་རྒྱ་ནག་སྲིད་གཞུང་གི་སྲིད་བྱུས་ངན་པས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་སྟབས། བོད་ནང་གི་བོད་མི་རྒན་གཞོན་བར་གསུམ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སླད་སོ་སོའི་གཅེས་པའི་སྲོག་ཀྱང་བློས་གཏོང་བཞིན་ཡོད་པ་རེད། དེ་འདྲ་ཡིན་ཙང་བོད་ཀྱི་གནད་དོན་དེ་རྒྱ་གར་ལའང་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། དེ་རིང་གི་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་ཞུ་བཞིན་ཡོད་པ་སོགས་གསུངས་གནང་སོང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་ཁོར་ཡུག་གིས་རྒྱ་གར་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་སྐོར་ལ་གཏམ་བཤད་སྐར་མ་ ༢༥ གནང་བ་དང་།  ཁོང་གིས་དོན་ཚན་གཙོ་བོ་བཞིའི་ཐོག་ནས་གོང་གསལ་བརྗོད་གཞི་དང་འབྲེལ་རེ་རེ་བཞིན་འགྲེལ་བརྗོད་གནང་སོང་། དེ་ཡང་བོད་དེ་འཛམ་གླིང་གི་ཡང་ཐོག་ཡིན་པ་དང་། ཆར་ཆུའི་འབྱུང་ཁུངས་ཡིན་པ། འཛམ་གླིང་གི་སྣེ་གསུམ་པ་ཡིན་པ། དེ་བཞིན་བོད་དེ་ཨེ་ཤེ་ཡའི་ཆུ་བོའི་འབྱུང་ཁུངས་ཡིན་པ་བཅས་དང་། བོད་ནས་བབས་བཞིན་པའི་ཆུ་བོ་ཆེན་པོ་དྲུག་ནི། ཁྱིམ་མཚེས་རྒྱལ་ཁབ་ ༡༠ ཡི་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་ཀྱིས་ཆུ་བོ་དེ་དག་ལ་བརྟེན་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་ཆུ་བོ་དེ་ཚོ་འབག་བཙོག་བཟོ་བ་དང་། ཁ་བསྒྱུར་བ་བཅས་ཀྱི་བེད་སྤྱོད་ལོག་པ་བྱེད་བཞིན་ཡོད་པས། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་དཀའ་ངལ་འཕྲད་གཞི་ཡིན་སྟབས། ཚང་མས་དེའི་ཐོག་ལ་ཡིད་གཟབ་དང་ཐུགས་སྣང་གནང་སྟེ་རྒྱ་གཞུང་གི་བྱུས་ངན་ལ་གདོང་ལེན་གནང་ནས། མ་འོངས་པར་བོད་ཀྱི་ཆུ་བོ་དེ་དག་ལ་བརྟེན་པའི་རྒྱལ་ཁབ་ཚང་མ་མཉམ་འབྲེལ་གྱིས་ཆིངས་ཡིག་འཇོག་ཐབས་གནང་ཐུབ་ན་དགེ་མཚན་ཆེ་སྐོར་བཅས་གསུངས་གནང་སོང་།

དེ་རྗེས་སྐར་མ་ ༣༠ ཙམ་ལ་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་ལན་གནང་ཐོག གཙོ་སྐྱོང་གནང་མཁན་སློབ་དཔོན་ཆེན་མོ་ཀོན་ཌ་པཱ་ལི་མཆོག་གིས་བགྲོ་གླེང་ཕྱོགས་བསྡོམས་གནང་བ་དང་། མཐར་ཨན་དྷ་ར་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་མུར་ཏཱིས་ (Prof.G.S.Murthy) མཆོག་གིས་ས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་།  སྐབས་དེར་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཝི་ཇཱ་ཡ་ཝ་ཌར་ཕེབས་ནས་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་བ་དང་། མ་འོངས་པར་གྲོང་ཁྱེར་གཞན་ཁག་ལའང་དེ་ལྟར་གོ་སྒྲིག་གནང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་སོང་། སྐུ་ཞབས་ཁོང་ནི་ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདི་གོ་སྒྲིག་གནང་མཁན་དང་མཐུན་སྦྱོར་གནང་མཁན་གཙོ་བོ་ཞིག་ཡིན་པ་རེད།

དེ་རྗེས་ཚོགས་འདུའི་ཐོག་ཕེབས་པའི་གདན་ཞུས་མཁས་དབང་རྣམས་དང་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་གཙོས་པའི་མཐུན་སྦྱོར་གནང་མཁན་རྣམས་ལ། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཕྱག་རྟགས་དང་མཇལ་དར་འབུལ་བཞེས་གནང་ཡོད།

བགྲོ་གླེང་ཚོགས་འདུ་འདིའི་ཐོག་ཝི་ཇཱ་ཡ་ཝ་ཌ་ས་གནས་ཀྱི་མཁས་དབང་དང་། ཉམས་ཞིབ་པ། གཙུག་ལག་སློབ་གཉེར་ཁང་གི་སློབ་མ། གསར་འགོད་པ། དེ་བཞིན་གོ་སྒྲིག་གནང་མཁན་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་དང་།  སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་སྐལ་བཟང་གཡུ་སྒྲོན་བཅས་ཁྱོན་ཚོགས་བཅར་བ་ ༡༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་།  ཚོགས་འདུའི་ཐོག་ཕེབས་པའི་ཚོགས་བཅར་བ་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཕྱི་དྲིལ་ལས་ཁུངས་ནས་དཔར་སྐྲུན་ཞུས་པའི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་འགྲེམས་སྤེལ་ཞུས་གནང་ཡོད།

དེ་བཞིན་ཕྱི་ཚེས་ ༢༡ ཉིན་སི་དྷར་ཏ་སྨན་སྦྱོར་གཙུག་ལག་སློབ་གཉེར་ཁང་དུ་འབྲེལ་ཡོད་རྣམས་ནས་གསར་འགོད་ལྷན་ཚོགས་ཞིག་གོ་སྒྲིག་གནང་བའི་ཐོག གསར་འགོད་པ་ ༤༠ ཙམ་ལ་དཔལ་ལྡན་ཚོགས་གཞོན་མཆོག་དང་། སློབ་དཔོན་ཆེན་པོ་མུར་ཏིས་མཆོག་རྣམ་གཉིས་ནས་བོད་དོན་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་གནང་བའི་དགོས་དམིགས་སྐོར་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་ཡོད་པ་བཅས། །

Menu