བོང་སྟག་དགོན་པའི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་བའི་སྐོར་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ད་ནངས་ཞོགས་པ་ཆུ་ཚོད་ ༦ ཙམ་ལ་ཐེམ་ཆེན་རྫོང་སེང་གེ་ཤང་བོང་སྟག་དགོན་ཆེན་ཨེ་ཝྃ་ཏ་རེ་གླིང་དགོན་པའི་གྲྭ་དམ་ཆོས་བཟང་པོ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ་འདས་གྲོངས་སུ་གྱུར་འདུག

ཁོང་ནི་ཐེམ་ཆེན་རྫོང་སེང་གེ་ཤང་རུ་ཁག་གཉིས་པའི་ཨར་རྒུར་ཚང་གི་ཕ་ཚེ་འདས་སྟག་ལྷའི་བུ་ཡིན་ཞིང་། དགུང་ལོ་  ༣༨ (སྟག་ལོ་)ཡིན། ཁོང་ལ་སྲིང་མོ་དགུ་ཡོད་པ་དང་། མིང་སྲིང་བཅུ་ལས་ཐ་ཆུང་ཡིན་འདུག ཁོང་ ༡༩༩༤ ལོར་རྒྱ་གར་དུ་ཕེབས་ཏེ་འབྲས་སྒོ་མང་ཀླུ་འབུམ་ཁམས་ཚན་དུ་ཆོས་ཞུགས་ཀྱིས་ ༡༩༩༧ ལོར་བོད་ལ་ཕྱིར་ལོག་གནང་འདུག

ལོ་ཤས་གོང་ནས་རྒྱ་གཞུང་གིས་ས་གནས་དེར་དངུལ་གྱི་གཏེར་ཁ་ཡོད་པ་བརྩད་ཆོད་དེ་སྔོག་འདོན་བྱེད་རྩིས་སྐབས། བོང་སྟག་དགོན་པའི་གྲྭ་སྐལ་བཟང་གིས་དེར་འགོག་རྒོལ་གྱི་འཁོར་ཐག་ཅིག་བཀྲམས་པར་འཇུ་བཟུང་གིས་ལོ་གཅིག་དང་ཕྱེད་ཀའི་ཁྲིམས་ཆད་བཅད་དེ་ད་བར་ནང་མི་སུར་ཡང་ཐུག་འཕྲད་བྱེད་དུ་བཅུག་མི་འདུག  གནས་ཚུལ་དེ་དག་གི་རྐྱེན་པས་དེང་སང་བོང་སྟག་དགོན་པར་ལྕགས་ཁྲབ་འཁོར་ལོ་དང་དམག་མིའི་མོ་ཊ་ཆེད་ཁྲིད་ཀྱིས་རྒྱ་དམག་འབོར་ཆེན་འབྱོར་ནས་དམ་དྲག་བྱེད་མུས་ཡིན་ཞིང་། སྨོན་ལམ་འཚོགས་མི་ཆོག་པ་དང་། གྲྭ་བ་ཚོས་རྣམ་འགྱུར་ཡག་པོ་མ་བསྟན་ན་དགོན་པ་སྒོ་རྒྱག་རྒྱུའི་སྡིགས་ར་ཡང་བསྐུལ་ཡོད་འདུག

ད་ལྟའི་ཆར་རྒྱ་མི་ལས་བྱེད་དང་དམག་མིས་གྲྭ་ཤག་རེ་རེ་བཞིན་བསྐོར་ཏེ་གྲྭ་དམངས་ལ་བསུན་གཙེར་དང་དམ་དྲག་བྱེད་བཞིན་ཡུལ་དགོན་ཚང་མ་ཧ་ཅང་དངངས་སྐྲག་ཚབས་ཆེའི་ངང་གནས་ཡོད་འདུག

སྤྱི་འཐུས་ལྷན་ཚོགས་ནས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང་། སྤྱི་ལྷན་གྱི་གསལ་བསྒྲགས་སྔ་རྗེས་དང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་འབུལ་འགྲེམས་ཞུས་པའི་ནང་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དོན་གནད་ ༧ འཁོད་པ་དེ་དག་ཐོག་རྒྱ་གཞུང་གིས་བསམ་ཞིབ་མ་ལན་མ་འགྱོད་པ་ཞིག་དགོས་པའི་རེ་འདུན་བསྐྱར་ནན་ཞུ་རྒྱུ་ཡིན་ལ། ཛ་དྲག་གི་གནས་སྟངས་འགྲིག་འཇགས་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་དགོས་པ་དང་། རང་དབང་མང་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུར་ང་ཚོས་རེ་སྐུལ་ཤུགས་དྲག་ཞུ་བཞིན་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༧ ལ།།