༄༅། ། བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༠ ཉིན་ནས་སྐབས་ ༡༧ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་སྙན་ཞུ་འབྱོར་མཚམས། འདི་ནས་ལམ་ལུགས་བཞིན་དེ་འབྲེལ་དབུས་འོས་བསྡུ་ལས་ཁང་ལ་ཡིག་ཆུང་ཕུལ་བ་དང་། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༡ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བསྟན་འཛིན་ཆོས་འཛིན་ལགས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་ཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་འབྱོར་བཞིན། ཕྱི་ཟླ་ ༢ ཚེས་ ༢ ཉིན་ཚོགས་དྲུང་ལས་ཁུངས་ནས་དམ་འབུལ་ལས་རིམ་བསྒྲིགས་པ་ལྟར། གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་བདམས་ཐོན་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནས་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གྲོས་ཚོགས་རྭ་བར་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་མཇལ་དར་དང་། མཎྜལ་རྟེན་དོད་ཕུལ་བ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས་གནང་སོང་།
དེ་ནས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། བོད་མི་མང་དབུས་གཙང་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་ལགས་སྤྱི་འཐུས་ཀྱི་ལས་ཁུར་ནས་དགོངས་པ་ཞུས་ཟིན་པ་དང་། དེ་རིང་ང་ཚོ་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཁྲིམས་སྒྲིག་ཐོག་ནས་བསྟན་འཛིན་ཆོས་འཛིན་ལགས་དེ་རིང་དངོས་སུ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་དམ་འབུལ་ཞུས་ཐུབ་པར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་འདས་པའི་ཟླ་བ་ཁ་ཤས་རེད། འབྱུང་འགྱུར་ལོ་ལྔའི་ནང་ལོགས་ལ་ང་ཚོ་མཉམ་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོང་གི་ཡོད་རེད། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལྟ་བུར་མཚོན་པར་ཡིན་ན། སློབ་སྦྱོང་རེད། སྤྱི་ཚོགས་ཀྱི་ཉམས་མྱོང་བཅས་ཀྱི་ཐོག་ནས་ཏན་ཏན་ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཐུགས་ཕན་གསོ་ཐུབ་ཀྱི་རེད་བསམ་གྱི་འདུག
གཙོ་བོ་ང་ཚོ་ཚང་མས་གལ་ཆེ་བ་དེ། བོད་སྤྱི་པ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་དང་། ཕྱར་གྲུ་མཉམ་འདེགས་ཞུ་ཐུབ་རྒྱུར་ཚང་མས་དགོངས་པར་བཅང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་རིང་འཚམས་འདྲིའི་གཏམ་བཤད་དེ་ཙམ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་དགོངས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་རྗེས། དམ་འབུལ་དངོས་གཞིའི་མཛད་སྒོ་ལེགས་གྲུབ་གནང་ཡོད།
དེ་རྗེས་ཚོམས་ཆེན་དུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་།
དེ་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཚོགས་གཙོའི་ལས་ཁུངས་སུ་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བཅའ་ཁྲིམས་དང་། སྒྲིག་གཞིའི་དཔེ་དེབ་སོགས་འགྲེལ་བརྗོད་སྙིང་བསྡུས་དང་བཅས་ཕུལ་གནང་སོང་།
སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་ནི་ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལར་འཁྲུངས་ཤིང་། རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་སྦྱོང་དང་། གོ་པལ་པུར་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་སོན་རྗེས། རྒྱ་གར་གྲོང་ཁྱེར་ཅི་ནའི་ (Chennai) ནང་རྟེན་གཞི་བྱས་པའི་མ་དྷ་རཱ་སི་ཡེ་ཤུའི་མཐོ་སློབ་ (Madras Christian College) ནས་ཨིན་ཡིག་རྩོམ་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ (JNU) ནས་ཨིན་ཡིག་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན།
ཕྱི་ལོ་ ༢༠༡༦ ནས་ ༢༠༡༧ བར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཆར་འགོད་འགན་འཛིན་གྱི་འགན་ཁུར་ཞུསཤིང་། ལས་ཀའི་བརྒྱུད་རིམ་ཁྲོད་ཟབ་འཁྲིད་པའི་ཟབ་སྦྱོང་མང་པོ་ཐོབ་ཡོད། ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་གི་ན་གཞོན་རོགས་སྐྱོར་ཚན་པའི་ཁྱབ་ཁོངས་འོག་ཡོད་པའི་བོད་མིའི་མདུན་ལམ་སློབ་སྟོན་ཁང་གི་འགན་འཛིན་གྱི་འགན་ཁུར་ཞུས་གནང་ཡོད། ད་ལྟ་རྡ་སར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
དེ་བཞིན་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་པའི་ཐོག་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཐེངས་མང་ཆེད་བཅར་གྱིས་ན་གཞོན་ནུས་སྟོབས་གོང་འཕེལ་དང་། ལས་འཚོལ་བའི་རྩལ། ཕོ་མོ་འདྲ་མཉམ་སོགས་ཀྱི་སྐོར་ཟབ་སྦྱོང་དང་བགྲོ་གླེང་སོགས་ཀྱི་ལས་གཞི་མང་པོ་བརྩམས་ཐུབ་པ་བྱུང་འདུག་པ་བཅས། །