༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༨ རེས་གཟའ་ཟླ་བའི་ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་དང་། དྲུང་ཚབ་དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་མཚམས་དྲུང་ཆེ་གསར་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་ཁུར་འགོ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྲོད་དཔང་སྤྱི་འཐུས་རྒྱུན་ལས་ནས་བསྐོ་གཞག་གནང་བའི་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་ཚོགས་དྲུང་གསར་པ་བསོད་ནམས་རྡོ་རྗེ་ལགས་དང་། དྲུང་ཚབ་ཚེ་བརྟན་སྐལ་བཟང་ལགས་གཉིས་དབར་ཚོགས་དྲུང་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་དང་། འཛིན་ཆས་སོགས་རྩིས་སྤྲོད་རྩིས་ལེན་གནང་ཡོད།
རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཁག་ལེགས་པར་གྲུབ་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་གསར་པ། དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་བཅས་ཚང་འཛོམས་ཐོག་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསར་དུ་ཕེབས་པའི་དྲུང་ཆེ་མཆོག་ལ་འཚམས་འདྲི་དང་། ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་རྗེས། སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་གནང་སོང་།
དེ་རྗེས་ཚོགས་གཙོའི་ལས་ཁུངས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ནས་ཚོགས་དྲུང་གསར་པར་དགའ་བསུའི་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། དེ་བཞིན་དྲུང་ཆེའི་ལས་ཁུངས་སུ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ཚོགས་དྲུང་གསར་པར་དགའ་བསུའི་འཚམས་འདྲིའི་མཇལ་དར་ཕུལ་གནང་ཡོད།
ཚོགས་དྲུང་གསར་པ་བསོད་ནམས་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༦༧ ཟླ་ ༩ ཚེས་ ༡༡ ཉིན་ལྷ་ས་ཉག་རོ་ཁང་སེར་དུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༥ ཉིན་དྲུང་ལས་གནས་རིམ་ཐོག་ཆོས་རིག་ལས་ཁུངས་སུ་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་དང་། ཟླ་ ༨ ཚེས་ ༢ ཉིན་གནས་རིམ་རང་འཇགས་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོད་ལྟའི་ལས་བྱེད་དུ་གནས་སྤོས་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༥ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ལས་གནས་རིམ་ཐོག་ལས་བྱེད་ངོ་མར་བསྐོ་གཞག་དང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ཉིན་དྲུང་གཞོན་གནས་རིམ་དུ་གནས་སྤར་དང་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་ ༡༠ ཚེས་ ༢༦ ནས་ལོ་གཉིས་རིང་ཕོགས་མེད་སློབ་སྦྱོང་དུ་བསྐྱོད་པ་དང་། ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡༦ ཉིན་ནས་མུ་མཐུད་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་གཞོན། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༡ ནས་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དང་། ཟུང་དྲུང་། དྲུང་འཕར་བཅས་ཀྱི་གནས་རིམ་ཐོག་རིམ་པས་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་དུ་བསྐོ་གཞག་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༩ ཉིན་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་ནས་ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ཐུགས་འགན་དངོས་སུ་བཞེས་བཞིན་ཡོད་པ་བཅས། །