བལ་ཡུལ་ལ་ས་འགུལ་གྱི་གོད་ཆག་ཤུགས་ཆེ་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང། དེའི་ཉེ་ཁུལ་ས་ཁུལ་གང་མང་བཅས་སུ་ས་འགུལ་ཤུགས་ཚད་རིམ་པ་ ༧་༩ ཅན་ཞིག་བརྒྱབ་སྟེ་ཁང་ཁྱིམ་སོགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང། ལྷག་པར་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སེམས་འཚབ་དང། གདུང་སེམས་ཅི་ཆེའི་ངང་བལ་ཡུལ་གཞུང་མང་གཉིས་ཀར་ཐུགས་གསོ་ཞུ་རྒྱུ་མ་ཟད། འབྱུང་བའི་གོད་ཆག་དེའི་ཁྲོད་འདས་གྲོངས་སུ་གྱུར་པ་རྣམས་དལ་རྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་ཐུབ་པ་དང། རྨས་སྐྱོན་ཕོག་པ་རྣམས་འཕྲལ་ནས་མྱུར་དུ་དྲག་སྐྱེད་ཡོང་བ། དེ་མཚུངས་རྩ་ཆེའི་གནའ་ཤུལ་མཆོད་རྟེན་དང། དགོན་པ་ཁག དེ་མིན་ཁང་ཁྱིམ་སོགས་གཏོར་སྐྱོན་ཅི་ཆེ་བྱུང་ཡོད་པ་རྣམས་མྱུར་དུ་སླར་གསོ་ཐུབ་སྟེ། འདི་ལྟ་བུའི་ས་ཡོམ་གྱི་གོད་ཆག་དུས་ནམ་ཡང་མི་འབྱུང་བ་བལ་ཡུལ་གྱི་སྐྱེ་འགྲོ་ཀུན་དུས་རྟག་ཏུ་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ།

བལ་ཡུལ་རྒྱལ་ཁབ་ནི་བོད་དང་ལོ་རྒྱུས་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང། ལྷག་དོན་ཕྱི་ལོ་ ༡༩༥༩ ལོར་བོད་ལྗོངས་རྒྱ་ནག་དམར་པོའི་དྲག་པོའི་བཙན་ཤུགས་འོག་ཚུད་པའི་དུས་སྐབས་དེ་ནས་བཟུང་ད་བར་བལ་ཡུལ་གཞུང་མང་གིས་བོད་མི་ཁྲི་ཚོ་གཉིས་བརྒལ་བར་འཚོ་ཐབས་དང། ཆོས་རིག་གོང་འཕེལ་སོགས་ཅི་བདེར་བྱ་འཐུས་སོགས་ཀྱི་རོགས་སྐྱོར་གནང་དང་གནང་བཞིན་པའི་བཀའ་དྲིན་རྣམས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བལ་ཡུལ་དུ་ཡོད་པའི་བོད་པའི་དགོན་སྡེ་ཁག་དང་མི་མང་རྣམས་ཀྱིས་ད་ལྟའི་ཡུལ་མི་ཚོར་དཀའ་ངལ་ཅི་ཆེ་འཕྲད་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་མཐུན་འགྱུར་རོགས་སྐྱོར་གང་ཐུབ་གནང་དགོས་པའི་འབོད་བསྐུལ་ནན་ཏན་བྱ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༧ ལ།།

Menu