བལ་ཡུལ་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༤ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་བལ་ཡུལ་ཁུལ་གྱི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་འདུག

ཐེངས་འདིའི་ཟབ་སྦྱོང་ནང་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དང་། བཀྲ་ཤིས་དཔལ་འཁྱིལ། འཇོ་ལ་ཁེལ་བསམ་གྲུབ་གླིང་། རྒྱལ་ས་འཕགས་ཤིང་། ཤ་ཝ་ར་གསུམ། མཆོད་འཇོར། གློ་སྒྲིག་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས། ས་གནས་ལས་དྲུང་སོགས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཟླ་ ༥ པའི་ཚེས་ ༤ ཉིན་སྔ་དྲོ་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་བལ་ཡུལ་རྒྱལ་ས་འཕགས་ཤིང་དང་། འཇོ་ལ་ཁེལ་ས་གནས་འགོ་འཛིན་ཀརྨ་བཟོད་པ་འཕྲིན་ལས་ལགས་ཀྱིས་ཟབ་འཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་། ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་བལ་ཡུལ་ཁུལ་ལ་ཉེ་ཆར་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གྲུབ་མཚམས། ས་འཐུས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་ཁྲིམས་དང་སྒྲིག་གཞི་རྣམས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་།  ལྷག་པར་དུ་མང་གཙོ་ལག་བསྟར་ཚད་ལྡན་ཡོང་རྒྱུར་གཞི་རིམ་གྱི་མང་གཙོ་སྲ་བརྟན་དགོས་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ཕྱོགས་བསྐྱོད་ཁྱབ་ཁོངས་བལ་ཡུལ་ཁུལ་ལ་འཁེལ་ཡོད་སྟབས། ས་ཁུལ་དེ་དག་ལ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་གནང་མཁན་བཀོད་སྒྲིག་བྱས་ཡོད་པའི་སྐོར་སོགས་གསུངས་འདུག གཞན་ཡང་སྤྱི་འཐུས་མཆོག་གིས་ཚོགས་བཅར་བ་རྣམ་པས་ཉིན་ལྔའི་རིང་ཁྲིམས་དང་སྒྲིག་གཞི་རྣམས་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་དམ་འཛིན་བྱེད་དགོས་སྐོར་བཅས་གསུངས་འདུག

དེ་རྗེས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྤྱིར་མང་གཙོའི་སྤྱི་ཚོགས་ནང་ཁྲིམས་དང་སྒྲིག་གཞིའི་གལ་གནད་དང་། ལྷག་པར་དུ་གཞི་རིམ་མང་གཙོ་སྲ་བརྟན་ཡོང་སླད་ས་གནས་འཐུས་ཚོགས་ཀྱིས་ཁྲིམས་དང་སྒྲིག་གཞི་ཁག་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ཡིན་པ། ས་གནས་འཐུས་ཚོགས་ཀྱི་གལ་གནད་དང་། ས་གནས་འཐུས་ཚོགས་ཀྱིས་མི་མང་གི་བདེ་སྡུག་གཟིགས་རྟོག་གནང་རྒྱུ་སོགས་ཀྱི་ལས་འགན་སྐོར་ངོ་སྤྲོད་དང་། ཚོགས་བཅར་བ་ཡོངས་ནས་བོད་དོན་འཐབ་རྩོད་དང་། མི་རིགས་ཆེད་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

སྤོག་ར་བཀྲ་ཤིས་གླིང་ས་འཐུས་ཚོགས་གཙོ་ཚེ་བརྟན་གྲགས་པ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ཀྱི་ཚབ་ཞུས་ཏེ། ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་འཐུས་ཟབ་སྦྱོང་གོ་སྒྲིག་གནང་བ་དང་། ལྷག་པར་དུ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་ཟབ་ཁྲིད་གནང་རྒྱུའི་དུས་ཚོད་བཏོན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག དེ་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་འདུག

ཟབ་སྦྱོང་གི་ཉིན་དང་པོར། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སོགས་ཀྱི་སྐོར་ཟབ་ཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་དང་།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྔོན་རྩིས་འཆར་འབུལ་ཞུ་ཕྱོགས་དང་། དེ་བཞིན་སྔོན་རྩིས་གཏན་འབེབས་གནང་ཕྱོགས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་འགན། གཏོང་ལེན་ཁྲིམས་ཡིག་གྲ་སྒྲིག་བྱེད་ཕྱོགས་སོགས་གྲོས་ཚོགས་ནས་སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་དང་འབྲེལ་བའི་ཐོག་ཟབ་ཁྲིད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་འདུག

ཟབ་སྦྱོང་ཉིན་གཉིས་པར། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོའི་ཐོག་ཟབ་ཁྲིད་གནང་ཡོད་པ་དང་། ཉིན་གསུམ་པར་ཟབ་སྦྱོང་བ་རྣམ་པས་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་གྲ་སྒྲིག་གནང་རྒྱུ་ཡིན་འདུག

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་བཞུགས་སྒར་རྡ་ས་དང་། ཨོ་རི་ས། ལ་དྭགས། སྒང་ཏོག་བཅས་ས་གནས་ཁག་བཞི་ལ་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་ཟིན་པ་དང་། ད་རེས་སི་ལི་གྷུ་རིར་ས་འཐུས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་བཞིན་ས་འཐུས་ཟབ་སྦྱོང་ཐེངས་ལྔ་པ་ཆགས་ཀྱི་ཡོད་པ་དང་། ཟབ་སྦྱོང་དེར་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ USAID དང་། རྒྱལ་སྤྱིའི་མང་གཙོ་བསྟི་གནས་ཁང་གཉིས་ཡིན་འདུག་པ་བཅས། །