བལ་ཡུལ་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་རྒྱལ་ཁའི་ངང་མཇུག་བསྒྲིལ་བ། 

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༨ ཉིན་སི་ལི་གྷུ་རི་ས་གནས་སུ་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བཅས་ལྷན་དུ་བསྒྲོན་པའི་པར།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་  ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ནུབ་བྷེང་གྷལ་མངའ་སྡེའི་སི་ལི་གྷུ་རི་ས་གནས་སུ་ཕྱི་ཚེས་ ༤ ནས་ ༨ བར་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་བལ་ཡུལ་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་འདུག  

ཐེངས་འདིའི་ཟབ་སྦྱོང་ནང་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་དང་། བཀྲ་ཤིས་དཔལ་འཁྱིལ། འཇོ་ལ་ཁེལ་བསམ་གྲུབ་གླིང་། རྒྱལ་ས་འཕགས་ཤིང་། ཤ་ཝ་ར་གསུམ། མཆོད་འཇོར། གློ་སྒྲིག་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས། ས་གནས་ལས་དྲུང་སོགས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༤ ནས་ ༨ བར་ཉིན་ལྔའི་རིང་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས།

དེ་ཡང་ཟབ་སྦྱོང་གི་ཉིན་དང་པོ་དང་། གཉིས་པའི་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོ་ཁག་གི་ཐོག་ཟབ་ཁྲིད་གནང་བ་དང་། ཉིན་གསུམ་པར་ཟབ་སྦྱོང་བ་རྣམ་པས་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད་འདུག  

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༤ ནས་ ༨ བར་ཉིན་ལྔའི་རིང་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས།

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ཀྱིས་གཟིགས་ཞིབ་འོག ཟབ་སྦྱོང་བ་རྣམ་པ་ཚང་འཛོམས་ཀྱིས་གྲོས་ཚོགས་དངོས་སུ་ཚོགས་པ་ལྟར་དམར་ཁྲིད་ཀྱི་ལས་རིམ་བསྐྱངས་པ་དང་། དེ་ཡང་གོང་འཁོད་གཞིས་ཆགས་ཁག་གི་ས་འཐུས་ཚོགས་གཙོ་དང་། ས་འཐུས་རྣམ་པ་རེ་མོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུ་དབུ་འཛུགས་སྐབས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ། ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་བཅས་གནང་རྗེས། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཁག་ཅིག སྐར་རྟགས་ཅན་གྱི་དྲི་བ། ཐུགས་སྣང་གཞེན་བསྐུལ། ལོ་འཁོར་ལས་བསྡོམས། སྔོན་རྩིས་གཏམ་བཤད། སྒེར་གྱི་གྲོས་ཆོད། སྒྲིག་གཞི་བསྐྱར་བཅོས་སོགས་གཏན་འབེབས་ཀྱིས་སྔོན་རྩིས་གྲོས་ཚོགས་དང་། ལས་བསྡོམས་གྲོས་ཚོགས་ཀྱི་དམར་ཁྲིད་ལས་རིམ་བསྐྱངས་འདུག་པ་དང་། ཟབ་སྦྱོང་བ་རྣམ་པས་ཉིན་གཉིས་ཀྱི་དམར་ཁྲིད་ལས་རིམ་སྐབས། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ལ་ནོར་འཁྲུལ་ཤོར་སྐབས་ཟབ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སྐབས་དུས་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་འདུག

ཟབ་སྦྱོང་ཉིན་མཐའ་མར་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་པའི་ཐོག གློ་སྒྲིག་ས་གནས་འགོ་འཛིན་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་སྦྲགས། ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་གནང་བ་བརྒྱུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་སྔོན་རྩིས་བཅས་ཀྱི་སྒྲིག་གཞི་དང་འགྲོ་སྟངས་ཐོག་ཞིབ་ཕྲ་མཁྱེན་རྟོགས་བྱུང་བའི་སྐོར་དང་། ཟབ་སྦྱོང་ནང་བཅར་མ་ཐུབ་པའི་བལ་ཡུལ་ཁུལ་གྱི་ས་འཐུས་གཞན་རྣམས་ལ་དེ་ཚོའི་ཐོག་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་གསུངས་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ཟབ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༤ ནས་ ༨ བར་ཉིན་ལྔའི་རིང་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས།

བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་མ་འོངས་པར་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་ཡོང་རྒྱུའི་ཐོག་དགོངས་ཚུལ་གསུངས་པ་དང་། དེ་བཞིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམ་པས་ཐུགས་སྣང་ཆེན་པོས་ཆ་ཤས་བཞེས་པར་བསྔགས་བརྗོད་དང་ཆབས་ཅིག ད་རེས་ཀྱི་ཟབ་སྦྱོང་བརྒྱུད་ཁྲིམས་དང་སྒྲིག་གཞིའི་སྐོར་ཤེས་རྟོགས་བྱུང་བ་རྣམས་དངོས་སུ་ས་གནས་སུ་ལག་ལེན་འཁེལ་རྒྱུའི་གལ་གནད་སྐོར་གསུངས་འདུག་པ་དང་།

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༤ ནས་ ༨ བར་ཉིན་ལྔའི་རིང་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས།

བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་ཉིན་ལྔའི་ཟབ་སྦྱོང་སྤྱི་དང་། ལྷག་པར་དུ་དམར་ཁྲིད་ལས་རིམ་སྐབས་དོ་སྣང་ཆེན་པོས་ཆ་ཤས་བླངས་པར་བསྔགས་བརྗོད་དང་། དེ་བཞིན་བོད་དོན་འཐབ་རྩོད་དང་། ས་གནས་མི་མང་གི་བདེ་སྡུག་ཆེད་ཚང་མས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་དགོས་སྐོར་གསུངས་འདུག མཐར་ས་འཐུས་ཚོགས་གཙོ་ཚེ་བརྟན་གྲགས་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འབྱུང་འགྱུར་མུ་མཐུད་དེ་ལྟར་ཟབ་སྦྱོང་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༤ ནས་ ༨ བར་ཉིན་ལྔའི་རིང་སི་ལི་གྷུ་རི་ས་གནས་སུ་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་རྣམ་གཉིས་ནས་བལ་ཡུལ་ཁུལ་གྱི་ས་འཐུས་རྣམ་པར་ཟབ་སྦྱོང་གནང་སྐབས།

རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཞུགས་སྒར་རྡ་ས་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས། ལ་དྭགས། སྒང་ཏོག་བཅས་ལ་རིམ་པས་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་གནང་ཟིན་པ་དང་། ད་རེས་སི་ལི་གྷུ་རིར་བལ་ཡུལ་ཁུལ་གྱི་ས་གནས་འཐུས་ཚོགས་ལ་ཟབ་སྦྱོང་གནང་བ་བཅས་ཁྱོན་ད་བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་ཐེངས་ལྔ་གོ་སྒྲིག་ཞུས་ཡོད་པ་དང་།  ས་འཐུས་ཟབ་སྦྱོང་གི་དམིགས་ཡུལ་ནི་ཟབ་སྦྱོང་བ་རྣམ་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཟབ་ཁྲིད་གནང་སྟེ། མི་མང་གི་བདེ་སྡུག་ཁག་གཟིགས་རྟོག་ཐུབ་པ་མ་ཟད། འབྲེལ་ཡོད་ལ་ཞུ་ཐུབ་པ་དང་ཐག་གཅོད་ཡང་དག་གནང་ཐུབ་པ། གཞུང་གི་ལས་ཁུངས་ཁག་འབྲེལ་ཡོད་ལ་འགན་ཁུར་ཐུབ་པ་བཟོ་རྒྱུ་སོགས་གཞི་རིམ་མང་གཙོ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན་པ་བཅས། 