བཞུགས་སྒར་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་དང་མར་མེེ་ཁྲོམ་སྐོར།

༄༅། །བོད་ནང་རང་ལུས་མེར་སྲེག་དང་། ཞི་རྒོལ་མང་ཚོགས་ལ་མདེལ་ཆར་ཕབས་ཏེ་བསད་རྨས་བཏང་བའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་སླད། བཀའ་སྤྱི་མཐུན་མོང་གིས་གོ་སྒྲིག་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་བྱ་རྒྱུའི་གསལ་བསྒྲགས་གནང་དོན་བཞིན། དེ་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། བཀའ་ཁྲི་མཆོག་གིས་གཙོས་བཀའ་བློན་ལས་རོགས་རྣམ་པ།  རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོགདེ་བཞིན་ལས་ཁུངས་ཁག་གི་དྲུང་ཆེ་ཆུང་དང་།  རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ་སོགས་མི་གྲངས་བརྒྱ་ཕྲག་དུ་མས་ཕྱི་དྲོ་ཆུ་ཚོད་ ༣ པ་ནས་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་རྗེས། གཙུག་ལག་ཁང་གི་སྒོ་རའི་ནང་མང་ཚོགས་རྣམས་འདུ་འཛོམས་ཀྱིས་ལག་ཏུ་མར་མེ་དང་ཁ་རས་ནག་པོ་གྱོན་ཏེ་བདེན་ཚིག་སྨོན་ལམ་དབྱངས་སུ་གྱེར་ཡོད་པ་དང་།

 

མཛད་སྒོའི་སྟེང་བཀའ་ཁྲི་མཆོག་གིས།  རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་ལྟ་བར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དེར་བཀའ་སྤྱི་གཉིས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ནན་ཏན་ཐོག་འབོད་སྐུལ་ཞུ་རྒྱུར། རྒྱབ་སྐྱོར་ཡོད་ཅེས་གསུངས་པ་གཅིག་པུ་མིན་པར་ཁ་ཡོད་ལག་ཡོད་ཐོག་ནས་བོད་ནང་ཕེབས་ཏེ་བོད་མིའི་སྡུག་བསྔལ་དང་རྒྱ་ནག་གཞུང་ནས་སྲིད་བྱུས་གང་འདྲ་འཛིན་ཡོད་པར་ཞིབ་འཇུག་བྱེད་པར་ཕེབས་རོགས་གནང་ཞུ་རྒྱུ་ཡིན་ཞེས་དང་། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་གསར་འགོད་པ་བོད་དུ་ཕེབས་རྒྱུའི་བཀག་འགོག་བྱེད་ཀྱི་ཡོད་ཀྱང་ཁོང་རྣམ་པར་འབོད་སྐུལ་ཞུ་རྒྱུར། ཁྱེད་རྣམས་ནས་གང་ཐུབ་ཅི་ཐུབ་བྱས་ཏེ་བོད་ཀྱི་ས་ཆར་ཕེབས་རྒྱུའི་འབད་བརྩོན་གནང་རོགས། ཁྱེད་རྣམས་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་པའི་ཐོག་འཛམ་གླིང་སྤྱི་ཡོངས་ལ་གསལ་བསྒྲགས་གནང་རོགས་ཞུ་རྒྱུ་ཡིན། ༌༌༌༌༌༌རྒྱ་ནག་གཞུང་ནས་དྲག་གནོན་ཐོག་བོད་དོན་སེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ན། རེ་བ་དེ་ནམ་ཡང་སྒྲུབ་ཐབས་མེད། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིས་རང་ཉིད་ལ་ཐོབ་ཐང་ཡོད་པའི་རང་དབང་རྩོད་ལེན་བྱེད་བཞིན་ཡོད་པ་དེ་ལས་ལྷག་པ་ཞིག་རྩོད་ལེན་བྱེད་ཀྱི་མེད། རྒྱ་ནག་གི་ཁེ་ཕན་ཆེད་༸གོང་ས་མཆོག་གིས་ཕུགས་རྒྱང་རིང་པོ་གཟིགས་ཞིབ་མཛད་པའི་ཐོག་ནས་གྲོས་མོལ་གྱི་ཐབས་ལམ་བརྒྱུད་དེ་བཀའ་མོལ་གནང་སྟེ་བོད་རྒྱའི་དཀའ་ངལ་སེལ་ཐབས་བྱེད་དགོས་ཞེས་བཀའ་སློབ་ཕེབས་པ་ལྟར། གྲོས་མོལ་ཐོག་ནས་བཀའ་མོལ་གནང་ན་སེལ་ཐབས་ཡོད་པ་རེད་མ་གཏོགས་བརྙས་བཅོས་དང་དབྱེ་འབྱེད་དྲག་གནོན་འོག་བོད་རྒྱའི་དཀའ་ངལ་སེལ་ཐུབ་ཀྱི་མ་རེད།  གང་ལ་ཞེ་ན། བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ནམ་ཡང་མེད་པ་བཟོ་ཐབས་མེད། བོད་ནང་གི་བོད་མི་ཚོ་བོད་ཀྱི་བདག་པོ་ཡིན་པ་ང་ཚོས་ཤེས་གསལ་ཡིན། ཁྱེད་རྣམས་ནས་རང་སྲོག་བློས་གཏོང་གནང་བ་དེ་དག་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་མ་ཟད། ཁྱེད་རྣམས་ཀྱིས་བློས་གཏོང་གནང་བ་དེ་དག་ང་ཚོས་ཆུད་ཟོས་དང་ཕན་མེད་ནམ་ཡང་ཆགས་འཇུག་གི་མིན་ཞུ་རྒྱུ་ཡིན། དེ་བཞིན་ཁྱེད་རྣམས་པའི་རེ་འདོད་སྒྲུབ་རྒྱུ་ང་ཚོའི་ལས་འགན་རེད། ཅེས་གསུང་བཤད་གནང་ཡོད་པ་དང་། བཀའ་ཁྲི་མཆོག་གི་གསུང་བཤད་གྲུབ་བསྟུན་མེག་གན་ཁྲོམ་ལམ་དུ་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད།

Menu