བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་ཞུགས་འབུལ་གནང་བའི་སྐོར་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༡ ཉིན། བོད་ནང་གི་དགོང་མོའི་ཆུ་ཚོད་ ༦ ཙམ་ལ་རྔ་པ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་ཕ་བློ་པེ་དང་། མ་ཚེ་པོའི་བུ་མོ་རང་ལོ་ ༡༨ ཅན་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པས་བཙན་ཁྲིད་ཀྱིས་འབར་ཁམས་སུ་ཕྱོགས་སུ་ཁྱེར་ཏེ། ད་ནངས་ཞོགས་པར་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

བསྟན་འཛིན་ཆོས་སྒྲོན་ལགས་ནི་མིང་སྲིང་བཞི་ཡོད་པའི་ནང་ནས་རྒན་ཤོས་ཡིན་འདུག་པ་དང་། ཆུང་ངུའི་སྐབས་གཅའ་ཞང་ཐོག་ནས་ལོ་ ༣ ཙམ་རིང་སློབ་གྲྭར་འགྲིམས་མྱོང་ཞིང་། ཕྱིས་སུ་མ་མའི་བཙུན་དགོན་དུ་སྒྲིགས་ཞུགས་བྱས་འདུག

བཙུན་མ་ཁོང་ནི་རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་བུ་མོ་ཡ་རབས་གཞུང་དྲང་ཀུན་གྱིས་བསྟོད་བསྔགས་འབུལ་ཡུལ་ཞིག་ཡིན་འདུག

དོན་རྐྱེན་བྱུང་འཕྲལ་དམག་མི་དང་ཉེན་རྟོག་པས་མ་མའི་བཙུན་དགོན་ཡོངས་སུ་བསྐོར་ནས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། ར་རུ་བའི་སྡེ་དཔོན་དང་བསྟན་འཛིན་ཆོས་སྒྲོན་གྱི་ཕ་བློ་པེ་ཡང་འབར་ཁམས་སུ་ཁྲིད་འདུག་ལ། མོའི་སྐུ་ཕུང་ནང་མིར་མ་སྤྲད་པར་རྒྱ་གཞུང་གིས་འབར་ཁམས་སུ་བསྲེག་གི་ཡིན་པའི་བརྡ་ལན་སྤྲད་ཡོད་ཚོད།

ད་ལྟའི་ཆར་བོད་ཀྱི་ས་ཁུལ་ཕལ་ཆེ་བ་མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་འོག་བཙུད་དེ། དམག་དཔུང་ཕོན་ཆེར་འགྲེམས་འཇོག་དང་། གཤམ་འོག་དབང་འཛིན་ལས་ཁུངས་ལ་འགན་དཀྲིས་ཀྱིས་གནས་དབྱུང་གཏོང་རྒྱུའི་སྡིགས་སྐུལ། ལས་ཁུངས་ཁག་ཆ་བགོས་ཀྱིས་ལམ་ཁ་སྲུང་འདོམས་། དྲ་རྒྱ་དང་ཁ་པར་གྱི་བརྒྱུད་ལམ། འགྲུལ་བཞུད་སོགས་བཀག་སྡོམ་བྱས་ཏེ། བོད་མི་རྣམས་ཉིན་མཚན་དུས་དྲུག་ཏུ་སྲོག་ཉེན་གྱི་དངངས་སྐྲག་གིས་འཚོ་བཞིན་ཡོད་པ་དང་། བོད་མིའི་ཚེ་སྲོག་ཅི་ཙམ་མེ་ལྕེ་དང་མདའ་མཚོན་འོག་ཏུ་འགྲོ་མིན་དང་། དཀའ་རྙོག་ཇི་ལྟར་ཞི་འཇགས་སུ་གཏོང་མིན་གྱི་འགན་ཁུར་དང་ནུས་ཤུགས་ཆ་ཚང་རྒྱ་ནག་གཞུང་ལ་ཡོད་པ་དང་། ད་དུང་དམ་དྲག་གི་སྲིད་ཇུས་ཚབས་ཆེའི་ནོར་འཁྲུལ་ཅན་འདི་ལྟ་བུས་བོད་རྒྱ་མི་རིགས་ཀྱི་མཛའ་འབྲེལ་ལོ་རྒྱུས་ལ་གནོད་སྐྱོན་ཇི་བྱུང་གི་མཇུག་འབྲས་ངན་པ་མཐའ་དག་རྒྱ་ནག་གཞུང་ནས་འགན་ཁུར་ལེན་དགོས།

བོད་ནང་གི་ཛ་དྲག་གནས་སྟངས་ཐད་སྤྱི་ལྷན་ཀྱི་བསམ་ཚུལ་དང་དགོས་འདུན་ཁག་ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ཐོག་རྒྱ་གཞུང་ནས་བསམ་ཞིབ་བྱ་རྒྱུའི་དུས་ལ་གཏུགས་ཡོད་པའི་གསལ་འདེབས་ཞུ་རྒྱུ་དང་།

རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་མིས་མེ་ལྕེའི་ཀློང་དང་། མདེལ་ཆར་གྱི་འོག་ནས་བསྒྲགས་པའི་ལུགས་མཐུན་གྱི་འབོད་སྒྲ་དག་ལ་བདེན་རྒྱབ་ནུས་པ་ཐོན་པ་ཞིག་དང་། གདུག་རྩུབ་ཀྱི་སྲིད་དབང་འདིའི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་རྩ་འགལ་གྱི་བྱ་སྤྱོད་རྒྱ་ཡན་དུ་མི་གཏོང་བར་དྲང་བདེན་གྱི་རྣམ་འགྱུར་གསལ་སྟོན་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༢ ལ།

Menu