chithu༄༅། །དེ་རིང་ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ཚེས་ ༢ ཉིན་མོ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བ་དང། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་འདི་ཕྱི་གཏན་གྱི་མགོན་སྐྱབས་དང། དབུ་འཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༠ ལ་ཕེབས་པར་བོད་གཞིས་བྱེས་གཉིས་ཀྱིས་གཙོས་པའི་འཛམ་གླིང་གང་སར་གང་ཉིད་ཀྱི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལོ་ཚིགས་ཁྱད་པར་ཅན་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་ཏེ་གཞིས་བྱེས་བོད་མི་ཡོངས་ལ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འཕགས་མཆོག་ཕྱག་ན་པདྨོ་མི་ཡི་རྣམ་པར་རོལ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཡུན་རིང་མ་སོང་བར་རྒྱ་ནག་དང་། རྒྱ་གར་བཅས་སུ་ཆིབས་བསྒྱུར་སྐབས་རྒྱ་གར་གྱི་རང་དབང་མང་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་ཀྱིས་ཐུགས་ཡིད་ཕྲོགས་ཏེ་བོད་ལྗོངས་འདི་ཡང་དེང་རབས་རང་དབང་མང་གཙོའི་འགྲོ་ལུགས་ཀྱི་ལམ་བཟང་དང་མཐུན་པའི་སྤྱི་ཚོགས་ཤིག་ཏུ་ལེགས་བཅོས་མཛད་འགོ་བརྩམས་གནང་མཛད་ནའང། སྐབས་དེར་རྒྱ་ནག་དམར་པོའི་བཙན་གནོན་སུན་གཙེར་ཤུགས་ཆེའི་འོག་ཐུགས་ཀྱི་བཞེད་དགོངས་ལྟར་མཛད་ཐབས་མ་གྱུར། འོན་ཀྱང་བཙན་བྱོལ་དུ་ཕེབས་མ་ཉིད་དུ་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པའི་བོད་མི་མང་སྤྱི་འཐུས་འོས་བསྡུས་གཙོས་སྒྲིག་འཛུགས་མ་ལག་གསར་འཛུགས་ཀྱིས་བོད་མིའི་བདེན་དོན་གསལ་བར་བྱེད་པའི་ཐབས་བྱུས་རྒྱ་ཆེ་སྐྱོང་གནང་མཛད་པ་མ་ཟད། འཛམ་གླིང་ཐོག་གི་སྔོན་ཐོན་རྒྱལ་ཁབ་ཁག་ལྟར་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་རིམ་བཞིན་འཁྲིད་གནང་མཛད།

དེ་ཡང་མང་གཙོའི་རིང་ལུགས་ནི། མི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་བཙན་པོ་དང་གཉོམ་ཆུང། དབུལ་པོ་དང་ཕྱུག་པོ། ཕོ་དང་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་མེད་པར་ཀུན་ལ་འདྲ་མཉམ་དུ་ལྟ་བའི་སྤྱི་ཚོགས་ཤིག་སྟེ། དེང་ཆབ་སྲིད་ཀྱི་ལམ་ལུགས་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་མི་རྣམས་ནི་དེ་ལྟ་བུའི་མང་གཙོའི་ལུགས་བཟང་ཐོག་བསྐྱོད་རྒྱུར་འཛམ་གླིང་ཡུལ་གྲུ་གཞན་མང་དག་གི་ལོ་རྒྱུས་བརྒྱུད་རིམ་ལྟར་འོས་ལངས་འཐབ་རྩོད་སོགས་ཀྱི་མཇུག་འབྲས་གང་ཡང་འགྲིམས་མི་དགོས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ལ་གསོལ་རས་སྩལ་གནང་མཛད་ཅིང། ལྷག་པར་ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ཁྲིམས་དང་སྒྲིག་གཞི་ཁག་རིམ་པར་གཏན་འབེབས་ཀྱིས་སྒྲིག་འཛུགས་ཁྱོན་ཡོངས་ཁྲིམས་ལུགས་ལྟར་སྐྱོང་བཞིན་ཡོད།

ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་དང་། ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་གསོལ་བསྩལ་ལམ་རྩིས་སྤྲོད་མཛད་ཡོད། བརྒྱུད་རིམ་དེ་དག་གི་ཐུགས་ཀྱི་དགོངས་པ་རིང་མོ་ཞིག་ནས་ཡོད་མུས་དང། དགོས་པ་དང་དགེ་མཚན་དུ་མར་གཟིགས་ཏེ་མི་ལོ་ ༤༠༠ མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་༸སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པའི་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྟེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་ཐུགས་དགྱེས་བརྩེའི་ངང་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་རྩིས་སྤྲོད་མཛད་པའི་ཐོག་ནས་འབྱུང་འགྱུར་བོད་ཀྱི་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་རྒྱུན་བསྲིངས་གནས་ཐུབ་པའི་བཙན་བྱོལ་གྱི་སྒྲིག་འཛུགས་སྲ་བརྟན་འཐུས་ཚང་དུ་མཛད་ཡོད་པ་བཅས་ནི་བོད་མིའི་མང་གཙོའི་བྱུང་རིམ་ནང་རླབས་ཆེན་དང་དོན་སྙིང་ལྡན་པ་ཞིག་ཆགས་ཡོད།

གངས་ཅན་མགོན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་ཟིན་ནའང། གལ་ཆེའི་བཀའ་སློབ་ཟབ་མོ་བཀའ་དྲིན་ཆེ་བ་ཞིག་ལ། “ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང། བོད་མི་རིགས་དང་༸རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས་” ཞེས་བྱམས་བརྩེའི་བཀའ་སློབ་ཟབ་མོ་སྩལ་དང་སྩོལ་བཞིན་པས་བོད་མི་ཡོངས་ལ་དབུགས་དབྱུང་གི་བཀའ་བཟང་ཐོབ་ཡོད།

ད་ཆ་བོད་མིའི་མང་གཙོའི་སྒྲིག་འཛུགས་འདིའི་འགན་འཁུར་རྣམས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་དང། སྲི་ཞུ་བ། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་ཕྲག་པར་བབས་ཡོད་པ་བཞིན། ད་ཕན་ལོ་ཤས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ཐུགས་རྗེ་བྱིན་རླབས་དང། རང་རེ་འགོ་མང་ཡོངས་ཀྱི་འབད་ཐབས་ལ་བརྟེན་ནས་སྒྲིག་འཛུགས་ཀྱི་གནས་སྟངས་གང་ཅི་གང་ལེགས་སུ་ཡོད་པ་དང། ད་དུང་གོང་ནས་གོང་འཕེལ་དང། སྲ་བརྟན་རྒྱུན་གནས་ཐུབ་པར་ཕྱོགས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་ཡིན།

དེང་སྐབས་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་ཕུད་པའི་སྒྲིག་འཛུགས་གལ་ཆེ་ཤོས་གཉིས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་འཁྲིད་སྲིད་སྐྱོང་དང། ཁྲིམས་བཟོ་ལྷན་ཚོགས་སམ། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་སྤྱི་འཐུས་རྣམས་ཀྱི་འོས་བསྡུ་ཆེན་མོ་གཉིས་སླེབས་ལ་ཉེ་བའི་སྐབས་འདིར་སྤྱི་ཚོགས་ནང་བགྲོ་གླེང་དང། དོ་སྣང་ཆེན་པོ་བྱེད་བཞིན་པ་གང་ལེགས་དང། སྲིད་སྐྱོང་དང། འཐུས་མི་འོས་འདེམས་ཀྱི་གོ་སྐབས་འདི་ལྟ་བུ་ནི་ལོ་ལྔ་རེའི་མཚམས་སུ་མ་གཏོགས་ཡོང་རྒྱུ་མེད་ཅིང། མང་གཙོའི་རིང་ལུགས་ཅན་གྱི་སྒྲིག་འཛུགས་ནང་འོས་བསྡུའི་ལས་རིམ་འདི་བཞིན་མང་ཚོགས་ཀྱི་ལས་འགན་གལ་གནད་ཅན་ཞིག་ཡིན་པས་འོས་བསྡུའི་དེབ་སྐྱེལ་དང་། དངོས་སུ་འོས་འཕེན་ཁག་བཅས་པར་མཉམ་ཞུགས་ངེས་པར་གནང་དགོས་ཤིན་ཏུ་གལ་ཆེ་ཡིན་ཞིང། དེ་ཡང་གཞན་གྱི་བརྒྱུད་སྐུལ་དང། ཟེར་རྗེས་ཙམ་གྱི་རྗེས་སུ་མི་འབྲང་པར་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་རང་དབང་གིས་སྲིད་སྐྱོང་དང། སྤྱི་འཐུས་ཚད་ལྡན་འོས་འདེམས་ཐུབ་པའི་བོད་ཀྱི་ཡུལ་མིའི་ལས་འགན་ངེས་པར་འཁུར་དགོས།

དེ་བཞིན་བོད་མི་མི་ཉུང་བ་ཞིག་ཕྱིའི་རྒྱལ་ཁབ་ཀྱི་ཡུལ་གྲུ་གང་སར་རིམ་བསྐྱོད་བྱས་དང་བྱེད་བཞིན་པ་རྣམས་མང་ཆེ་བ་ས་གནས་ཁ་འཐོར་གྱིས་གནས་སྡོད་ཡོད་པ་ཚང་མས་ཀྱང་གོང་བཞིན་འོས་བསྡུའི་ལས་དོན་ལ་མཐོང་ཆེན་ངང་མཉམ་ཞུགས་ཐུབ་པའི་ཐུགས་སྣང་འགན་འཁུར་ཆེར་བསྐྱེད་དགོས་པ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཙམ་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་མིའི་འོས་བསྡུའི་བྱ་རིམ་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཐུགས་སྣང་ཆེན་པོས་གཟིགས་བཞིན་ཡོད་པས་འོས་བསྡུའི་ལས་དོན་དང་འབྲེལ་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་ཀྱང་འོས་བསྡུའི་ལས་དོན་གང་ཡང་ཁྲིམས་སྒྲིག་དང་མཐུན་ཞིང་དྲང་བདེན་ངང་གནང་སྟེ་ཕྱིས་འབྱུང་རྩོད་རྙོག་གམ་གླེང་ལྷག་རིགས་མི་འབྱུང་བའི་ཐུགས་འགན་གཟབ་ནན་གནང་གལ་ཆེ་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།
དེ་རིང་བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་མང་གཙོའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚོད་གལ་ཆེ་ཞིག་ཆགས་ཡོད་ནའང། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མི་མང་རྣམས་རྒྱ་གཞུང་གི་བཙན་དབང་འོག་མང་གཙོ་དང། རང་དབང། དྲང་བདེན་བཅས་མེད་ཁར། ཉེས་མེད་བོད་མི་མང་པོ་བཙོན་འཇུག་སོགས་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པ་དང། རྒྱ་ནག་རྒྱ་ཆེའི་མང་ཚོགས་རྣམས་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་འཁྲིད་ཚོའི་གཅིག་སྡུད་ཀྱི་དབང་བྱུས་འོག་འཛམ་གླིང་ཡུལ་གྲུ་གཞན་ལྟར་གང་ཅིའི་རང་དབང་མེད་པའི་གནས་སྟངས་ཀུན་གྱིས་མཁྱེན་གསལ་ལྟར། དེང་སང་དཀྱིལ་ཤར་ཡུལ་གྲུ་སོགས་ཀྱི་ནང་དུ་རང་དབང་མང་གཙོའི་ལམ་ལུགས་ལ་དོ་སྣང་དང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་ལྟར། རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱང་རིམ་པས་རང་དབང་མང་གཙོ་ཅན་དུ་བསྒྱུར་སླད་རྒྱལ་སྤྱིའི་ཁྱོན་ནས་གནོན་ཤུགས་ནན་ཏན་སྤྲོད་དགོས་པ་དུས་ཚོད་ཀྱི་དགོས་མཁོ་ཤིན་ཏུ་གལ་ཆེ་ཞིག་ཏུ་མཐོང།

དེང་སྐབས་རང་རེའི་ཕ་ཡུལ་བོད་ནང་གི་གནས་ཚུལ་ལ་མཚོན་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་ལགས་འདས་པོ་ཁོང་རྣམ་གཉིས་ལ་དངོས་བདེན་རྩ་བ་ནས་ཡོང་མི་སྲིད་པའི་གནས་ཚུལ་ཞིག་སྟེ། ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁྲེང་ཏུའི་ཐན་ཕུ་ཐང་ཆེན་དུ་འབར་རྫས་གས་འཐོར་བྱུང་བའི་དོན་རྐྱེན་མ་ཉེས་ཁག་གཡོགས་ཀྱིས་བློ་བཟང་དོན་འགྲུབ་ལགས་འཕྲལ་དུ་སྲོག་ཐོག་བཏང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མི་ལོ་ ༡༣ རིང་ཚེ་བཙོན་གྱི་ངོ་བོར་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བའི་འོག་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་པའི་ཐོག་ནས་བཙོན་ཁང་ནང་དུ་སྐུ་ཚེ་མ་ཟིན་པ་འདིས་རྒྱ་གཞུང་གིས་བོད་ནང་བོད་མི་ཉེས་མེད་སུ་ལ་ཡང་རང་སྣང་གང་འདོད་ལྟར་སྙད་འདོགས་འདྲ་མིན་གྱིས་འཛིན་བཟུང་བཙོན་འཇུག་དང་། ཉེས་རྡུང་སོགས་མནར་གཅོད་དྲག་པོ་གཏོང་བ། ཐ་ན་སྲོག་ཐོག་གཏོང་བ་བཅས་བྱེད་ཆོག་ཆོག་བྱེད་པ། དུས་རབས་ཉེར་གཅིག་པར་སླེབས་ཀྱང་འགྲོ་བ་མིའི་སྤྱོད་ཚུལ་ལས་ཡོངས་སུ་འདས་ཤིང་། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། གཞུང་དང། གྲོས་ཚོགས། རྒྱལ་ཁབ་ཁག་གི་དབུ་འཁྲིད་མི་སྣ། ཡོངས་སུ་གྲགས་ཆེ་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་ཇི་སྙེད་བཅས་ཀྱིས་འབོད་སྐུལ་དང་། རེ་འདུན་ཇི་ཙམ་གནང་ཡང་རྩིས་མེད་རྡོག་རོལ་གཏོང་རྐྱང་བྱས་དང་བྱེད་བཞིན་པ་འདི་ནི། བདེན་པ་ཡོད་ཀྱང་སྐྱོབ་མི་ཐུབ་པ་དང་། ངན་པ་བྱས་རྒྱལ་དུ་བཏང་དགོས་གྱུར་པའི་འཛམ་གླིང་སའི་གོ་ལ་འདིའི་སྟེང་གི་གནས་ཚུལ་ཐབས་སྐྱོ་ཤོས་ཤིག་ལ་ངོས་འཛིན་བྱེད་ཆོག

༢༠༡༥ ལོའི་ཟླ་ ༩ པའི་ ༡ ཉིན། བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཡིན་ཟེར་བ་དང་འབྲེལ་བོད་ནང་ཡར་རྒྱས་བཏང་ལུགས་ཀྱི་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་ཀྱང་དོན་དངོས་སུ་མི་ལོ་ ༥༠ དེའི་རིང་གུང་ཁྲན་སྲིད་གཞུང་གི་བཀའ་བཀོད་འོག་ཁྲིམས་སྲོལ་འདྲ་མིན་མང་དག་བཟོས་ཏེ་གཞིས་ལུས་
བོད་མི་རྣམས་རྒྱའི་བྲན་གཡོག་ཏུ་བཀོལ་ནས་མི་ལོ་ ༥༠ ཐམ་པ་ཕྱིན་ཟིན་པའི་དུས་ཚིགས་ཤིག་ཆགས་ཡོད་ལ། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་རྣམས་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་འདི་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་ཟེར་བ་བཅས་ནང་དུམ་བུར་བཏང་སྟེ་ཁ་བྲལ་བཟོས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག་དང་། བོད་ནང་རིག་གནས་གསར་བརྗེ་ཟེར་བ་སོགས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བའི་ལས་འགུལ་ཟམ་མ་ཆད་པ་སྤེལ་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་དབུས་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མ་ཉེས་ཁག་གཡོགས་ཀྱི་ཉེས་འཛུགས་བྱེད་མཁན་ཁ་ཞེ་མི་མཚུངས་པའི་རང་སྐྱོང་མིན་པ་གཞན་སྐྱོང་ཞིག་བཙུགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག བོད་ནང་དམིགས་བསལ་གྱི་སྲིད་བྱུས་ལག་བསྟར་བྱས་ནས་གཞིས་ལུས་བོད་མི་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་དང་། འགྲོ་འོང་གི་རང་དབང་། ཆོས་དད་ཀྱི་རང་དབང་། རང་ལུས་ལ་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཡེ་ནས་བྲལ་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག བོད་ནང་གདུག་རྩུབ་ཇེ་ཆེ་ཇེ་སྡུག་ཏུ་གཏོང་ཆེད་ལོ་ལྔ་ཚན་གྱི་དྲག་གནོན་གྱི་ཁྲིམས་ངན་སྲིད་བྱུས་ཀྱི་འོག་བོད་མི་གྲངས་ལས་འདས་པ་བཙོན་འཇུག་དང་གཅར་རྡུང་སུན་གཙེར་བཅས་བྱས་ཏེ་དུས་མིན་རྐྱེན་འདས་དང་། གར་ཡོད་ཆ་མེད་དུ་བཏང་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཞིག གུང་ཁྲན་སྲིད་དབང་སྒེར་སྤྱོད་རིང་ལུགས་པས་བོད་ནང་རང་ཐག་རང་གཅོད་ཀྱི་འགྲོ་ལམ་མེད་པ་བཟོས་ཏེ་གཞིས་ལུས་བོད་མི་རྣམས་ཆེས་མུན་ནག་གི་ཁྲོད་དུ་གནས་ཏེ་མི་ལོ་ ༥༠ འཁོར་བའི་ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་ང་ཚོས་ཀྱང་དྲན་གསོ་བྱེད་དགོས་པ་ཞིག་ཡིན།

སྤྱིར་རྒྱ་གཞུང་གིས་བོད་ཡུལ་འདི་གཡུལ་ས་མདུན་མར་བརྩིས་ཏེ་བོད་ནང་བོད་མི་རྣམས་ལ་དྲག་གནོན་གྱིས་བཟོད་པར་དཀའ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱས་མེད་ལ། ཕྱི་ལོ་ ༢༠༡༤ ཟླ་ ༥ པའི་ཚེས་ ༧ ཉིན་ཚ་བ་མཛོ་སྒང་བློ་བཟང་ཡེ་ཤེས་ལགས་ཀྱིས་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་ནས་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པར་ངོ་རྒོལ་གནང་བས་ཁོང་འཛིན་བཟུང་གིས་རྡུང་རྡེག་དྲག་པོ་བཏང་སྟེ་ཉེ་སྔོན་ཟླ་ ༧ ཚེས་ ༡༩ ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། འདི་ལོ་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བའི་དུས་སྐབས་ཡིན་པར་བརྟེན་རྒྱ་གཞུང་གིས་བོད་ནང་དྲག་དམག་འགྲེམས་འཇོག་བྱས་ཏེ་དམ་དྲག་བྱེད་སྐབས། ཟླ་ ༧ ཚེས་ ༦ ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་ཁམས་དཀར་མཛེས་ནས་ཡིན་པའི་བོད་མི་པ་སངས་དབང་ཕྱུག་ལགས་སླར་ཡང་འཛིན་བཟུང་བྱས་ཡོད། ཁོང་ནི་སྔ་ལོ་འཛིན་བཟུང་བྱས་ཏེ་གློད་བཀྲོལ་བཏང་ཡོད་ཀྱང་ད་རེས་སླར་ཡང་འཛིན་བཟུང་བྱས་ཏེ་ཟླ་བ་གཅིག་ལྷག་བཙན་བཀག་བཙོན་འཇུག་བྱས་ཡོད་པ་དང་། དེ་བཞིན་འདི་ལོའི་ཟླ་བ་ ༨ ཚེས་ ༡༥ ཉིན། ཨ་མདོ་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོའི་སྲང་ལམ་དུ་བུད་མེད་འོད་དཀར་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་རྒྱུའི་རང་དབང་དགོས་སོགས་སྐད་འབོད་གནང་བར་བརྟེན། རྒྱ་ནག་གཞུང་གིས་ཁོ་མོ་འཛིན་བཟུང་བྱས་ཡོད།
གཞན་ཡང་རྒྱ་གཞུང་གི་དམག་མིའི་དུས་ཆེན་ཟེར་བ་འདི་ལོའི་ཟླ་བ་ ༨ ཚེས་ ༡ ཉིན་བྱེད་དགོས་པ་བཞི་དང་། མི་ཆོག་པ་བཞི་ཞེས་བཙན་ཤེད་ཀྱིས་བོད་ཀྱི་ཁམས་འབྲི་རུར་གཅན་གཟན་པགས་རིགས་གྱོན་ནས་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། དེར་པར་བརྒྱབ་སྟེ་ཁྱབ་སྤེལ་བྱས་ཡོད་པ་ནི། ྋགོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ ༣༡ པ་བསྩལ་སྐབས་པགས་རིགས་ཀྱི་གོས་རྒྱན་མི་རུང་བའི་བཀའ་སློབ་ཕེབས་པ་བཞིན་འབྲི་རུའི་མི་མང་དང་བོད་ཀྱི་ས་ཁུལ་གང་སར་གཅན་གཟན་གྱི་པགས་རིགས་མེར་བསྲེགས་བཏང་ཡོད་པར་རྒྱ་གཞུང་འདོད་བབ་མ་བྱུང་བའི་འཁོན་ལན་ལྟ་བུར་ད་རེས་མི་མང་ལ་བཙན་དབང་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་བྱེད་དུ་བཅུག་ཡོད་པ་དང་། དེ་བཞིན་ཁམས་ནང་ཆེན་དུ་འདི་ལོའི་ཟླ་ ༨ ཚེས་ ༡ ནས་ ༣ བར་ནང་ཆེན་རྫོང་གི་ཁྱབ་ཁོངས་ཀ་གཞུང་ཡུལ་ཚོར་དུས་སྟོན་འཚོག་སྐབས་བོད་མི་རྣམས་ཀྱིས་གཅན་གཟན་པགས་རིགས་ཀྱི་གྱོན་གོས་གྱོན་མེད་པ་དང་། རྒྱན་ཆ་ཡང་བཏགས་མེད་པ་དེར་སྙོན་འཛུགས་བྱས་ཏེ་ཚེས་ ༣ དགོང་མོ་ཉེན་རྟོག་པ་ཡོང་ནས་བོད་མི་རྣམས་ལ་ཉེས་རྡུང་དྲག་པོ་བཏང་བར་བརྟེན་བོད་མི་ ༣༠ ཙམ་ལ་རྨས་སྐྱོན་ཚབས་ཆེ་བྱུང་སྟེ་སྨན་ཁང་དུ་སྐྱེལ་དགོས་པའི་གནས་ཚུལ་བྱུང་ཡོད། ད་དུང་ཤེས་རྟོགས་བྱུང་དང་འབྱུང་མིན་སྣ་ཚོགས་ཀྱིས་བོད་ནང་བོད་མིར་ཉེས་མེད་ཉེས་འཛུགས་འདྲ་མིན་བྱས་ནས་དོན་མེད་བཙོན་འཇུག་དང་། དམ་བསྒྲགས་ཤུགས་ཆེ་བྱས་སྟབས་ས་གནས་བོད་རིགས་མང་ཚོགས་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བཟང་བཙོན་ལྟ་བུར་གནས་ཡོད་པ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་བྲལ་བའི་ཆེས་མུན་ནག་དང་། བཟོད་ཐབས་མེད་པའི་གནས་སུ་ཡོད་པར་བརྟེན་ནས། ད་ཕན་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་བོད་མི་སེར་སྐྱ་ཕོ་མོ་གྲངས་ ༡༤༢ བྱུང་ཡོད་པ་དང་། ལོ་འདི་ཁོ་ནར་མི་གྲངས་ ༧ བྱུང་ཡོད་པ་འདིས་གསལ་པོར་མཚོན་གྱི་ཡོད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་མང་གཙོ་དང་། རང་དབང་། དྲང་བདེན་བཅས་གཙིགས་ཆེར་འཛིན་པའི་རྒྱལ་ཁབ་ཚང་མས་རྒྱ་དམར་གྱི་བྱ་སྤྱོད་ངན་པ་འདི་རིགས་འཕྲལ་མར་མཚམས་
འཇོག་དགོས་པའི་གནོན་ཤུགས་ནན་ཏན་སྤྲོད་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

ད་དུང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༦ པ་ཟེར་བ་ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཡོད་པར་བརྒྱུད་ལམ་ཁག་གིས་ངོས་འཛིན་ཕྱིར་བསྒྲགས་བྱས་པ་ལྟར་ན། བོད་ཀྱི་ལས་དོན་ཚོགས་འདུ་དེས་བོད་མིར་ཕན་རླབས་ཅན་གྱི་སྲིད་བྱུས་ལེགས་སུ་གཏོང་རྒྱུའི་དམིགས་ཚད་བཟུང་མེད་པ་མ་ཟད། ད་དུང་བོད་མིར་སུན་གཙེར་དང། དམ་དྲག གུ་དོག་ཅན་དུ་བཟོ་བ་བཅས་ཀྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་ངེས་ཡིན་པ་གསལ་འདུག་པ་འདི་ནི་རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་བྱུས་དོན་དངོས་ཐོག་ལག་བསྟར་མེད་པར་བོད་རིགས་རྣམས་བློ་ཕམ་གཞི་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་གཞི་བཅས་མངོན་འགྱུར་བྱུང་ཡོད།

འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཐམ་པར་ཕེབས་པར་བོད་ནང་དང་། བྱེས་སུ་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག ཡུལ་ལུང་སོ་སོ་སོགས་ཀྱིས་ཧ་ཅང་གཟབ་རྒྱས་ངང་༸སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་ཞུས་ཡོད་ཅིང་། འཛམ་གླིང་རྒྱལ་ཁབ་གང་སར་ཡང་བརྟན་བཞུགས་བསྟར་འབུལ་དང་། འདུ་འཛོམས་ཀྱི་མཛད་སྒོ། གྲོས་ཚོགས་ཁག་ནང་གྲོས་ཆོད་འཇོག་པ། སྒྲིག་འཛུགས་དང་། རྒྱལ་ཁབ་ཀྱི་དབུ་འཁྲིད་མི་སྣས་འཚམས་འདྲི་ཞུ་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེེན་པོ་མཆོག་གི་མཛད་བཟང་ལ་ཆེ་བསྟོད་ཞུ་ཕྱིར་མགོན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འཁོད་པའི་གཞུང་འབྲེལ་སྦྲགས་རྟགས་གསར་པ་འདོན་སྤེལ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་སྲུང་བརྩི་གཟབ་རྒྱས་ཞུས་དང་ཞུ་བཞིན་པ་ལྟར། དེ་དག་སྐབས་གྲགས་ཅན་མི་སྣ་ཁག་གིས་གསུང་ཚིག་འགའ་ཞིག་དེ་རིང་འདིར་ཞུས་ན། བོད་ཀྱི་ཏཱ་ལའི་བླ་མ་མཆོག་ལ་ང་ཚོའི་འབུལ་བའམ་ཕྱག་རྟགས་ཆེ་ཤོས་ནི། ང་ཚོ་ཆབ་སྲིད་མི་སྣ་དང་མི་སྒེར་སོ་སོ་བཅས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་ཞུ་དགོས་པ་དེ་ཡིན་གསུངས་པ་དང་། དེ་བཞིན་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཡོད་པ། ༸གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་གྱིས་འཛམ་གླིང་ཡོངས་ལ་ཕན་རླབས་ཧ་ཅང་ཆེན་པོ་བྱུང་བ། ༸གོང་ས་མཆོག་རྒྱལ་སྤྱིའི་སྟེང་གི་གཟེངས་སུ་ཐོན་པའི་མི་སྣ་གྲགས་ཅན་ཞིག་ཡིན་པ། ཆོས་ལུགས་ཡོངས་ལ་ཕན་ཚུན་དག་སྣང་མཐུན་ལམ་དང་། ཆོས་དད་ཡོད་མེད་ཀུན་ལ་བྱམས་བརྩེ་དང་། འཚེ་མེད་ཞི་བའི་སྤྱོད་བཟང་གི་ལམ་སྟོན་མཛད་པས་སེམས་འགུལ་ཧ་ཅང་ཐེབས་བཞིན་ཡོད་པ། ཚན་རིག་སོགས་ལ་ཐུགས་དགོངས་ཡངས་པོས་གཟིགས་མཁན་ཞིག་ཡིན་པ། གཞོན་སྐྱེས་ཚོར་འཛམ་གླིང་གི་མདུན་ལམ་བཟང་དུ་གཏོང་གནང་མཛད་མཁན་གྱི་ལམ་སྟོན་པ་ཞིག་ཡིན་པ། རྒྱ་ནག་དམར་པོའི་གཞུང་གིས་ད་ལྟའང་བོད་མིར་དྲག་གནོན་བྱེད་བཞིན་པ་དང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་དང་ལོག་བཤད་ཧ་ཅང་ཤུགས་ཆེ་བྱེད་མུས་ཀྱི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངེས་པར་དུ་སྐྱོན་བརྗོད་བྱེད་དགོས་ཞེས་སོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་བཟང་གང་ཅིར་མངོན་པར་བསྟོད་ཅིང། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་ཐེར་འདོན་སོགས་བོད་དོན་ལ་ཕྱོགས་གང་ས་ནས་རྒྱབ་སྐྱོར་གནང་ཡོད་པས་དེ་དག་ཚང་མར་ངས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

འཛམ་གླིང་ས་ཕྱོགས་གང་སའི་མང་ཚོགས་དང་། ལྷག་པར་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་། སྙན་གྲགས་ཅན་གྱི་མི་སྣ་ཇི་སྙེད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཕན་རླབས་ལྡན་པའི་འཚེ་མེད་ཞི་བ་དང་། བྱམས་བརྩེའི་དབུ་འཁྲིད་དང་ལམ་སྟོན་གྱི་མཛད་འཕྲིན་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐྱངས་དང་སྐྱོང་བཞིན་པར་གུས་བཀུར་གཟེངས་བསྟོད་ཅི་ཆེ་ཞུ་བ་ལྟར། རང་ཅག་བོད་མི་རྣམས་ཀྱིས་དེ་བས་ཀྱང་མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་དུས་རྟག་ཏུ་སྙིང་དབུས་སུ་བཅངས་ཏེ་བླང་དོར་གྱི་འཇུག་སྒོ་མ་འཛོལ་བར་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་དགོས་པ་ནི་ཤིན་ཏུ་གལ་གནད་ཆེན་པོ་ཡིན།
རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་བསམ་བརྗོད་ལས་འདས་པའི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པ་རྣམས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པ་དང་། དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་འདིའི་ཐོག་ཏུའང་། བོད་དོན་དང་། བོད་མིར་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་མཉམ་ཞུགས་དང་འབྲེལ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་བཅས།
མཐའ་དོན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཛམ་གླིང་སྤྱི་དང་བྱེ་བྲག་གཞིས་བྱེས་བོད་མི་ཡོངས་ཀྱི་དབུ་འཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ལ།། །།