༄༅། །དེ་རིང་ནི་བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་འདི་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་དགོངས་བཞེས་བཀའ་སློབ་ཕེབས་དོན་བཞིན་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བཙན་བྱོལ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱིས་དམ་འབུལ་དང་འབྲེལ་བོད་མིའི་མང་གཙོའི་ལམ་སྲོལ་བཟང་པོ་དངོས་སུ་དབུ་བརྙེས་ཏེ་ད་བར་མི་ལོ་ ༥༣ འཁོར་ཡོད་པ་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་མཛད་ནས་མི་ལོ་གཉིས་ལྷག་སོང་བའི་དུས་ཚིགས་ཤིག་ཆགས་ཡོད། དུས་ཡུན་དེ་དག་གི་ནང་༸མགོན་པོ་མཆོག་གི་དགོངས་གཞི་ལྟར་བོད་མིའི་བདེན་དོན་འཐབ་རྩོད་གཙོ་བོར་གྱུར་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་གི་ཞུ་སྒོ་གང་ཅི་གོང་ནས་གོང་འཕེལ་དང༌། ཚགས་ཚུད་འབྱུང་ཐབས་སུ་སྒོ་ཀུན་ནས་འབད་པ་ལྷོད་མེད་ཞུས་དང་ཞུ་བཞིན་པ་འདི་དག་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་དོན་བདེན་མཐའ་མ་གསལ་བར་ཡར་རྒྱས་གོང་འཕེལ་ངང་བརྟན་གནས་ཐུབ་ངེས་ཀྱི་མངོན་རྟགས་གསལ་པོར་ཐོན་པ་ཞིག་ཡིན་ཅིང༌། ད་དུང་མང་གཙོ་མཚན་ཉིད་ཚང་བའི་སྒྲིག་འཛུགས་འདི་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཚགས་ཚུད་ཡར་རྒྱས་ཡོང་རྒྱུར་བོད་མི་ཚང་མས་འབད་བརྩོན་ལྷོད་མེད་གནང་དགོས།
བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་ཏེ་མི་ལོ་ ༥༤ ལྷག་སོང་བའི་ནང་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་བྱུས་ངན་གཞི་རྩར་བཟུང་སྟེ་ཞི་དྲག་གཉིས་ཀྱི་ཐབས་བྱུས་འདྲ་མིན་ལག་བསྟར་འོག་བོད་མིའི་ཆོས་དང་རིག་གཞུང༌། སྐད་ཡིག གོམས་སྲོལ་བཟང་པོ་སོགས་མདོར་ན་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་བ་དང༌། བོད་མི་རིགས་ལ་མནར་གཅོད། མི་རིགས་དབྱེ་འབྱེད། ཁོར་ཡུག་གཏོར་སྐྱོན་སོགས་སྒོ་ཀུན་ནས་ཉམས་ཆག་ཏུ་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། གཞིས་ལུས་བོད་མི་རྣམས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཡོ་བ་མེད་པའི་དད་གུས་རྩེ་གཅིག་ཏུ་ཞུ་བ་དང་། བོད་མིའི་ལ་རྒྱ་འགྱུར་བ་མེད་པར་བརྟན་བཟུང་གིས་གོང་གསལ་རྒྱ་གཞུང་གི་བྱ་སྤྱོད་མཐའ་དག་ལ་འདོད་བབ་མེད་པའི་ཁ་གཏད་གདོང་ལེན་དང༌།
ཞུ་གཏུགས་ཀྱི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་སེར་སྐྱ་ཕོ་མོ་མི་གྲངས་ ༡༢༠ ཐམ་པས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་དགོས་པའི་ཛ་དྲག་གི་གནས་སྟངས་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་དང་བསམ་ཤེས་ཀྱི་འགན་འཁུར་གང་ཡང་མེད་ཁར་རང་ལུས་མེར་སྲེག་གནང་མཁན་རྣམས་ལ་དམའ་འབེབས་དང་། རང་ལུས་མེར་སྲེག་གཏོང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ལ་བསྙོན་དཀྲི་བྱེད་པ། རང་ལུས་མེར་སྲེག་གི་གནས་ཚུལ་ཕྱི་གྱར་མི་འགྲོ་བའི་སྦ་ཐབས་བྱེད་པ། རང་ལུས་མེར་སྲེག་གནང་ཡུལ་དགོན་གྲོང་ཁག་ཏུ་དམ་དྲག་ཅི་ཆེའི་ངང་རང་ལུས་མེར་སྲེག་གནང་མཁན་གྱི་ཉེ་འབྲེལ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང༌།
མཐའ་ན་མི་བསད་ཀྱི་ཉེས་འཛུགས་ཀྱིས་སྲོག་ཁྲིམས་གཏོང་བ་སོགས་ཀྱི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་བརྩི་སྲུང་བྱ་རྒྱུ་ལྟ་ཞོག མང་གཙོ་དང༌། རང་དབང༌། དྲང་བདེན་བཅས་ལ་དགའ་བའི་རྒྱལ་ཁབ་དང༌། དབུ་འཁྲིད་རིམ་པ། ཚོགས་སྡེ་སོགས་ཀྱིས་བདེན་དོན་རྩོད་གླེང་དང་སྐུལ་མ་ཇི་གནང་ཚང་མར་བརྩི་མེད་ཀྱིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པ་དངོས་ཡོད་ཀུན་གསལ་གྱི་གནས་ཚུལ་ཡིན། ཉེ་སྔོན་རྒྱ་ནག་དབུས་གཞུང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང༌། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་བོད་དུ་རྟོག་ཞིབ་སླད་བསྐྱོད་སྐབས། ཁོ་པས་ཏཱ་ལའི་བླ་མའི་བོད་ཆེན་པོ་དང༌། ཚད་མཐོའི་རང་སྐྱོང་ནི་ཀྲུང་གོའི་རྩ་ཁྲིམས་དང་ཁྲིམས་ལུགས་དང་འགལ་ཡོད་ལ། བོད་བརྒྱུད་ནང་བསྟན་གྱི་རྩ་བའི་ཁེ་ཕན་དང་ཡང་འགལ་ཡོད་ཅེས་བཤད་ཡོད།
རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་ལུགས་བཀོད་ཡོད་པ་བཞིན། ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་མཛད་པར་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ལུགས་བརྗོད་པ་ནི་རྒྱ་ནག་གུང་ཁྲན་སྲིད་དབང་སྒེར་འཛིན་པ་ཚོས་ཁ་ཞེ་གཉིས་འགལ་གྱིས་ཁྲིམས་འགལ་ཐོག་བོད་མི་རིགས་དང༌། ཆོས། རིག་གཞུང་བཅས་པ་རྩ་མེད་གཏོང་བའི་གདོང་རིས་ངོ་མ་བསྟན་པ་ཞིག་ཡིན་པ་ལས། རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་ཡིན་པའི་ཁུངས་སྐྱེལ་བྱེད་རྒྱུ་གང་ཡང་མེད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རྒྱ་མཉམ་གནས་ཐོག་བོད་མི་རིགས་ལ་མི་རིགས་ཀྱི་ཐོབ་ཐང་དང་ཁེ་དབང་འདྲ་མཉམ་ལོངས་སྤྱོད་ཆོག་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་ཇི་ཡིན་རྒྱ་གཞུང་ལ་གསལ་བཤད་རིམ་པར་བྱས་ཡོད་ཀྱང༌། རྒྱ་ནག་གི་འགོ་འཁྲིད་ཚོས་རྩ་ཁྲིམས་དང་འགལ་ལུགས་འགྲེལ་ལོག་བརྒྱབས་པ་མ་ཟད། བོད་མིའི་མངོན་འདོད་དེ་བཞིན་ཁ་བྲལ་མིན་བཞིན་དུ་ཁ་བྲལ་ཡིན་ཚུལ་ཆེད་བཟོས་ཀྱིས་བརྒྱུད་བསྒྲགས་བྱས་པ་ནི་ཀུན་ལ་ལྟོས་མེད་དང་མངོན་སུམ་ལ་བསྙོན་པའི་ངོ་ཚ་བྲལ་བའི་ཤོད་ཚུལ་ཧང་སངས་དགོས་པ་དང་ཡ་མཚན་སྐྱེ་གཞི་ཞིག་ཡིན།
རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་ལ་ཕན་འདོགས་ཟེར་བའི་སྲིད་བྱུས་ལག་བསྟར་འོག་དགོན་པར་རྒྱའི་རྒྱལ་དར་སྒྲེང་འཛུགས་དང༌། རྒྱ་ནག་གི་འགོ་གཙོའི་འདྲ་པར་སྒྲིག་བཤོམ། ཆོས་ཕྱོགས་ཀྱི་སློབ་གཉེར་དང༌། སྒོམ་སྒྲུབ་ཉམས་ལེན་སོགས་ལ་གནོད་སྐྱོན་འགྲོ་གཞིའི་བརྙན་འཕྲིན་དང༌། རླུང་འཕྲིན་ཆེད་འཛུགས། འདོད་བློར་མི་བབ་པའི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སོགས་ཀྱི་བྱེད་སྒོའི་རིགས་བཙན་ཐབས་སུ་སྐུལ་བཞིན་ཡོད། དཔེར་ན་བོད་རང་སྐྱོང་ལྗོངས་ཟེར་བ་ཁོ་ནའི་ནང་དུ་དགོན་སྡེ་ ༡༧༨༧ ནང་བཅའ་སྡོད་ལས་བྱེད་པ་མི་གྲངས་ ༦༥༧༥ ཆེད་འཛུགས་ཀྱིས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བེད་སྤྱོད་བྱེད་པ་དེ་དག་མཚམས་འཇོག་དང་སྒྱུར་བཅོས་ལག་བསྟར་ངེས་པར་བྱ་དགོས།
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་དེ་སྔོན་བོད་སྡོད་ཨམ་བན་གྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་འགྲེམས་སྟོན་ཁང་སྒོ་འབྱེད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ལོ་རྒྱུས་རྫུན་སྒྲོག་བྱེད་བཞིན་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡ ནས་རྒྱ་གཞུང་གིས་ཨ་སྒོར་ས་ཡ་མང་པོ་བཏང་སྟེ་དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་ཟེར་བ་ལྷ་སར་འཁྲབ་སྟོན་འགོ་འཛུགས་བྱས་ཡོད། དེ་ནི་སྲིད་དོན་གྱི་དགོས་མཁོར་དམིགས་ཏེ་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་བསམ་བློར་སྒྱུར་བཅོས་ཀྱི་འཁྲབ་སྟོན་ཞིག་ཡིན་པས་རྒྱལ་སྤྱིའི་ནང་དང་བོད་རྒྱ་མི་རིགས་རྣམས་མགོ་སྐོར་དང་བསླུ་བྲིད་འོག་མ་ཚུད་པ་གནང་གལ་ཆེ།
བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ནི་བོད་རྒྱའི་ཁེ་ཕན་ཙམ་དུ་མ་ཟད་རྒྱལ་སྤྱིའི་ཤར་ནུབ་ཀྱི་སྐྱེ་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་དང་འབྲེལ་བ་ཆགས་ཡོད་ལ། རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་རྟོག་ཞིབ་ཚན་པ་ཀུན་གྱིས་ཐུགས་སྣང་གནང་ཡུལ་དུ་གྱུར་ཡོད། ཡིན་ནའང་། རྒྱ་དམར་གཞུང་གིས་ཕྱོགས་གཅིག་ནས་བོད་ལ་ཁ་གཏད་རོགས་སྐྱོར་དང་། འཕེལ་རྒྱས། ཡུན་རིང་བདེ་འཁོད་ཀྱིས་བོད་ལྗོངས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་གནོན་དགོས་པའི་ཁ་གཡང་སྒྲོག་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་ཀྱི་གཏེར་ཁ་སྔོག་འདོན་དང་བོད་ཀྱི་རྣམ་པ་བཅོས་སྒྱུར་གྱིས་སྟངས་འཛིན་བྱེད་བདེ་ཡོང་སླད། འབྲོག་པ་གནས་སྤོར་གྱི་བྱེད་ཐབས་སྤྱོད་བཞིན་པ་དང་ ཡུལ་ལུང་གང་སར་གཏེར་ཁ་སྔོག་འདོན་ལ་དམར་ཐིག་གསུམ་གྱི་ཐབས་ཇུས་ཟེར་བ་རྩ་དོན་དུ་བཟུང་སྟེ། བོད་ཀྱི་ས་ཁུལ་གང་སར་གསེར་དངུལ་ཟངས་ལྕགས་སོགས་རིན་ཆེན་དང་རིན་ཆེན་མ་ཡིན་པའི་གཏེར་རྫས་རྣམ་གྲངས་མང་པོའི་བཟོ་གྲྭ་རྒྱ་བསྐྱེད་དང་གསར་འཛུགས་བྱས་དང་བྱེད་བཞིན་ཡོད།
བོད་ཀྱི་རང་བྱུང་སྐྱེ་དངོས་དང་གཏེར་ཁའི་ཐོན་རྫས་ཕོན་ཆེ་རྒྱ་ནག་ཏུ་འོར་འདྲེན་དང་མི་སེར་སྤེལ་ཡུལ་གྱི་དགོས་མཁོར་མཚོ་བོད་ལྕགས་ལམ་རྒྱ་བསྐྱེད་དང་། ན་གོར་མོའི་མེ་འཁོར་བབ་ཚུགས་ནས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་བར་ཐད་གཏོང་ལྕགས་ལམ་གསར་འཛུགས། ལྷ་ས་ནས་བོད་ཀྱི་ས་ཁུལ་གཞན་དག་ལ་ལྕགས་ལམ་རྒྱ་བསྐྱེད་ཀྱི་ལས་གཞི་འགོ་འཛུགས་བྱས་ཡོད། དེ་བཞིན་བོད་ས་གང་སར་འཛུགས་སྐྲུན་དང་། ཡར་རྒྱས་ལ་བསྙད་དེ་ཆུ་མཛོད་མང་དག་བརྒྱབས་དང་རྒྱག་བཞིན་པ་བཅས་དེ་དག་གི་མཇུག་འབྲས་སུ། འཛམ་གླིང་སྤྱི་དང་། ཁྱད་པར་ལྷོ་ཤར་ཨེ་ཤེ་ཡ་དང་། བྱེ་བྲག་ཏུ་བོད་ཀྱི་སྣོད་བཅུད་དང་བོད་མིའི་ངོ་བོ་སྲུང་སྐྱོབ་ལ་གནོད་སྐྱོན་ཚབས་ཆེ་འབྱུང་ངེས་ཡིན་པས་ཚང་མས་ཐུགས་སྣང་གནང་གལ་ཆེ།
ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༢ ནས་བཟུང་མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་དུ་ཕ་ལམ་དཀར་པོའི་གཏེར་ཁ་སྔོག་རྩིས་དེར། ས་གནས་བོད་མིས་ལུགས་མཐུན་བཀག་འགོག་ལ་དྲག་གནོན་གྱིས་ཚབས་ཆེའི་གནས་ཚུལ་བྱུང་བའི་ཛ་དྲག་གི་གནས་སྟངས་འོག་གནས་མུས་ཡིན་པས། རྒྱ་གཞུང་གིས་བོད་མིའི་མངོན་འདོད་དང་ཆེ་མཐོང་ལ་བརྩི་སྲུང་བྱས་ཏེ་གཏེར་ཁ་སྔོག་འདོན་དང་དྲག་གནོན་འཕྲལ་དུ་མཚམས་འཇོག་ཡོང་བའི་འབོད་བསྐུལ་ནན་ཏན་བྱེད་རྒྱུ་ཡིན། ལོ་འདིར་བོད་ཀྱི་ས་ཁུལ་རྟའུ་དང་། དཀར་མཛེས། ལི་ཐང་། བྲག་མགོ མགོ་ལོག་རྟ་བོ བླ་བྲང་། རྨ་ཆུ། ཆབ་ཆ། སྐུ་འབུམ་དགོན་སོགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་སྐབས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་།
ལྷག་པར་དུ་ཁམས་རྟའུ་ཉ་མཚོ་དགོན་གྱི་དགེ་འདུན་པ་དང་། དགེ་ལྡན་ཆོས་གླིང་གི་བཙུན་མ་གཙོས་པའི་སེར་སྐྱ་མི་མང་ཚོས། ཡུལ་དེའི་གཞི་བདག་རྨ་ཆེན་སྤོམ་རའི་རྩེར་བསང་གསོལ་རྒྱ་ཆེ་བཏང་སྟེ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ། རྒྱ་གཞུང་ཉེན་རྟོག་པའི་རླངས་འཁོར་ ༤ དང་། དམག་མིའི་རླངས་འཁོར་ ༧ ཙམ་འབྱོར་ཏེ་བོད་མི་ཚོའི་གནས་ལུགས་གསལ་བཤད་ལ་ཉན་འཇོག་མ་བྱས་པའི་ཁར་བོད་མིར་རྡུང་རྡེག་དང་མེ་མདའ་བརྒྱབས་པ་སོགས་ཀྱིས་དྲག་གནོན་ཚབས་ཆེན་བྱས་ཡོད། དེ་བཞིན་ནག་ཆུ་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་གི་བླ་མ་ཟླ་བ་རིན་པོ་ཆེར་རོང་པོ་ཆོས་རྗེའི་ཡང་སྲིད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་ལུགས་ཉེས་འཛུགས་དང་། དགོན་པར་དྲག་གནོན་བྱས་རྐྱེན་དགོན་པའི་དགེ་འདུན་པ་ཞིག་གིས་རང་སྲོག་གཏོང་དགོས་བྱུང་ཡོད་པ་དང་། དགོན་པའི་འགན་འཁུར་མི་སྣ་འཛིན་བཟུང་དང་དགོན་པ་སྒོ་བརྒྱབ་དགོས་བྱུང་ཡོད་པ་སོགས་རྒྱ་མིས་ཆོས་དད་རང་མོས་ཀྱི་སྲིད་བྱུས་ནི་ཁ་ཙམ་ཡིན་པ་འདི་དག་ནས་ཁུངས་སྐྱེལ་གསལ་པོ་བྱེད་ཐུབ་པ་ཡིན།
བོད་ནང་ཛ་དྲག་དང་དཀའ་ངལ་ཉིན་མཚན་འཁྱོལ་དཀའི་གནས་སུ་ཡོད་པ་འདི་དག་གི་འབྱུང་རྩ་ནི་རྒྱ་ནག་དང་བོད་དུ་མང་གཙོའི་ལམ་སྲོལ་ད་དུང་དར་ཁྱབ་མ་ཐུབ་པའི་ཁར་རྒྱ་ནག་གི་འགོ་འཁྲིད་པ་ཉུང་ཤས་ཀྱིས་སྲིད་དབང་གཅིག་སྡུད་ཀྱི་སྲིད་བྱུས་དམ་འཛིན་བྱས་པ་ལ་བརྟེན་ནས་བྱུང་ཞིང། རང་རེ་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་ཕྱིའི་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལས་མང་གཙོའི་ལམ་བཟང་ཚད་དང་ལྡན་པར་སྤྱོད་རྒྱུ་ཡོད་པ་ནི་དགའ་སྒོམ་བྱ་འོས་པ་ཞིག་ཡིན།
ད་དུང་ང་ཚོས་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་གོམ་པ་མདུན་སྤོ་བྱ་རྒྱུ་དང། ལམ་བཟང་འདི་དག་བོད་དོན་བདེན་མཐའ་མྱུར་གསལ་གྱིས་གཞིས་བྱེས་མཉམ་འཛོམས་སྐབས་ལེགས་སྐྱེས་སུ་འབུལ་ཐུབ་པ་གནང་རྒྱུའི་ཆེད་ད་ལྟ་ནས་གྲབས་གཤོམ་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན ང་ཚོ་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ཞུས་ཏེ་མི་ལོ་ ༥༤ ལྷག་སོང་ཟིན་པ་དང་། དམིགས་བསལ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་མགོན་དང་། ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་དང་། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། དབུ་འཁྲིད་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་སྒེར་བཅས་ཚང་མར་ད་རེས་དུས་དྲན་གྱི་གོ་སྐབས་འདི་བཟུང་སྟེ་བཀའ་དྲིན་དྲན་བཞིན་པའི་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ཟབ་གསལ་བཀའ་སློབ་བསྩལ་དང་སྩོལ་བཞིན་པ་ལྟར། བྱེས་འབྱོར་བོད་མི་ཡོངས་ཀྱིས་རང་རང་གནས་ཡུལ་ས་གནས་སོ་སོའི་ཡུལ་མིར་མཐུན་ལམ་དམ་ཟབ་ངང་བོད་མི་སྤྱིའི་མཚན་མཐོང་དང་ལ་རྒྱ། བདེ་འཇགས་བཅས་ལ་སྨན་པ་གནང་དགོས་པ་ཤིན་ཏུ་གལ་ཆེ་ཡིན་པའི་འབོད་སྐུལ་ཞུ་རྒྱུ་བཅས། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢ ལ།། །།