བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་གི་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམ་པ་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བཞུགས་གྲལ་དུ་འཁོད་རྗེས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་རྣམས་ཀྱིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སེར་སྦྲེངས་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་སྤོས་སྣེས་མངོན་བསུས་ཏེ་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་འཁོད་མཚམས། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་བཅས་རྣམ་པ་གསུམ་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་འབྲེལ་སྣང་གསལ་མར་མེ་ཞལ་ཕྱེ་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱལ་མཆོག་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་ནས་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས།

དེ་ནས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་རྣམས་ཀྱིས་ཤིས་བརྗོད་གསུང་འདོན་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་བ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་རྗེས་དྲན་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན། རྟེན་འབྱུང་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་གནང་།

རིམ་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་དང་།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས། གསོལ་ཇའི་བར་གསེང་དང་སྦྲགས། ཚོགས་བཅར་བ་རྣམ་པ་སྡེ་ཚན་ཆ་བགོས་ལྟར་ཚོགས་ཆུང་ཚུགས་ཡུལ་སོ་སོར་ཕེབས་ཏེ་ཚོགས་ཆུང་སོ་སོའི་ཚོགས་གཙོ་དང་ཚོགས་དྲུང་བཅས་སུ་འདེམས་བསྐོ་གནང་རྒྱུ་གནང་ཡོད་པ་དང་། འདེམས་བསྐོ་བྱུང་བའི་ཚོགས་གཙོས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་དང་ལས་རིམ་བཅས་གསལ་བཤད་གནང་རྗེས། ཚོགས་ཆུང་སོ་སོའི་ནང་ཚོགས་ཆེན་གྱི་གྲོས་གཞི་དང་པོ་ “ལྔ་དང་ལྔ་བཅུའི་ལས་འཆར།”ཐོག་བགྲོ་གླེང་གནང་ཡོད།

ཐེངས་འདིའི་ཚོགས་ཆེན་ནང་རྒྱལ་ཁབ་ཁག་ ༢༤ ཙམ་ནས་ཁྱོན་མི་གྲངས་ ༣༤༠ སྐོར་གྱིས་ཚོགས་བཅར་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། བཀའ་བློན་ཁྲི་ཟུར། བཀའ་ཟུར། ཆོས་བརྒྱུད་ཁག་གི་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ། གཞུང་ཞབས་སྲི་ཞུ་བ་དྲུང་ཆེ་དང་དྲུང་འཕར། སྲི་ཞུ་ལས་བྱེད་སྡེ་ཚན་གཞན་ཁག་གི་སྐུ་ཚབ། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འཐུས་མིའི་སྐུ་ཚབ་དང་། ས་འཐུས་མེད་པའི་སྐུ་ཚབ། ས་གནས་འགོ་འཛིན། བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཁག་གི་སྐུ་ཚབ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པའི་སྐུ་ཚབ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད།

ཕྱི་ཚེས་ ༤ ཉིན་ཚོགས་ཆུང་སོ་སོའི་ནང་ཚོགས་ཆེན་གྱི་གྲོས་གཞི་གཉིས་པ། “༧རྒྱལ་དབང་༧སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར།”བགྲོ་གླེང་གནང་རྒྱུ་དང་། ཚོགས་ཆུང་སོ་སོའི་ནང་གོང་གསལ་གྲོས་གཞི་ཁག་གཉིས་ཀྱི་ཐོག་ཚོགས་ཆུང་སོ་སོའི་དགོངས་འཆར་ཕྱོགས་བསྡོམས་གྲུབ་པ་གནང་རྒྱུ་དང་། དེ་རྗེས་ཚོགས་བཅར་བ་རྣམ་པ་གངས་སྐྱིད་ཚོགས་ཁང་གསར་པའི་ནང་ཚང་འཛོམས་ཐོག་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་ཞུ་རྒྱུ་ཡིན་འདུག

ཕྱི་ཚེས་ ༥ ཉིན་ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་སྙན་ཐོ་མུ་མཐུད་སྙན་སྒྲོན་གནང་རྒྱུ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག་ཚོགས་ཆུང་ཁག་གི་ཚོགས་གཙོ་དྲུང་ཆེ་རྣམས་ལྷན་འཛོམས་ཀྱིས་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་རྣམས་ཕྱོགས་བསྡོམས་གནང་རྒྱུ། ཚོགས་བཅར་བ་རྣམས་ཚོགས་ཁང་ནང་བཞུགས་གྲལ་དུ་འཁོད་རྒྱུ་དང་། ཚོགས་ཆུང་སོ་སོའི་རྒྱབ་གཉེར་རྣམས་ཕྱོགས་བསྡོམས་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་དང་འབྲེལ་གཏན་འབེབས་ཞུ་རྒྱུ། དེ་ནས་ཚོགས་ཆེན་མཇུག་བསྡོམས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་ཆེན་གྱི་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྒྱུ། དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས། །

 

 

 

 

 

 

Menu