བདེན་པའི་མེ་ལྕེ་སྐོར་བསྐྱོད་ཐོག་སྒོ་ཝར་གསར་འགོད་ལྷན་ཚོགས།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།

སྒོ་ཝ། ཟླ་ ༨ ཚེས་ ༢༤། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྒོ་ཝ་ Goa མངའ་སྡེའི་ནང་མ་འབྱོར་བའི་ཉིན་གཅིག་གོང་ཟླ་ ༨ ཚེས་ ༢༣ ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་སྒོ་ཝ་མངའ་སྡེའི་རྒྱལ་ས་སྤན་ཇིར་ Panajim བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱི་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་ཚོགས་པ་དང་། སྐབས་དེར་ཁུལ་འདིའི་གསར་འགོད་པ་བཅུ་ལྷག་ཙམ་ནས་མཉམ་བཞུགས་གནང་ཡོད་པ་རེད། དང་ཐོག་གསར་འགོད་ལྷན་ཚོགས་ཐོག་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་བས་མ་ཟད། རྒྱལ་སྤྱིའི་དབུ་ཁྲིད་དང་མང་ཚོགས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད། གསར་འགོད་ལྷན་ཚོགས་ཐོག་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་གསར་འགོད་པར་འགྲེམས་སྤེལ་ཞུས་ཡོད་པ་རེད། ད་རེས་ཀྱི་གསར་འགོད་ལྷན་ཚོགས་འདི་བཞིན་ཁུལ་འདིའི་བོད་མི་ཚོང་པའི་སྐྱིད་སྡུག་དང་། བོད་མིའི་གྲོགས་པོ་རྒྱ་གར་བ་ཡུལ་མི་ཁག་གཅིག་གིས་གོ་སྒྲིག་གནང་བ་རེད།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།

ལས་འཆར་སྔོན་སྒྲིག་ལྟར་ན། ཕྱི་ཚེས་ ༢༤ ཉིན་བདེན་པའི་མེ་ལྕེ་ཀར་ན་ཊ་ཀ་ Karnataka མངའ་སྡེའི་རྒྱལ་ས་བྷང་ལོར་ Bangalore ནས་སྒོ་ཝའི་གྲོང་ཁྱེར་ཝ་སེ་ཀོར་ Vasco འབྱོར་རྒྱུ་དང་། ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བདེན་པའི་མེ་ལྕེར་ཁུལ་འདིའི་བོད་མི་དང་། རྒྱ་གར་རྒྱབ་སྐྱོར་བ་བཅས་ནས་བདེན་པའི་མེ་ལྕེར་ཕེབས་བསུའི་མཛད་སྒོ་ཚོགས་རྒྱུ། ཕྱི་ཚེས་ ༢༥ ཉིན་སྒོ་ཝའི་རྒྱལ་ས་སྤན་ཇིར་ Panajim བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་བོད་དོན་ཚོགས་འདུ་ཚོགས་རྒྱུ། ཕྱི་ཚེས་ ༢༦ ཉིན་རེས་གཟའ་ཉི་མའི་ཉིན་བདེན་པའི་མེ་ལྕེ་སྒོ་ཝའི་གྲོང་ཁྱེར་གཞན་ཁག་གཅིག་ནང་སྐོར་བསྐྱོད་བྱ་རྒྱུ་དང་ཁུལ་འདིའི་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཞུ་རྒྱུ། ཕྱི་ཚེས་ ༢༧ ཉིན་སྒོ་ཝའི་འཐུས་མི་གཉིས་སྒོ་ཝའི་གྲོང་ཁྱེར་ཝ་སེ་ཀོ་ནས་ཐོན་ཏེ། སྒོ་ཝ་ Goa དང་ཀར་ན་ཊ་ཀ་ Karnataka མངའ་སྡེ་གཉིས་ཀྱི་ས་མཚམས་ཀར་ཝར་ Karwar རྫོང་བར་བདེན་པའི་མེ་ལྕེ་གདན་ཞུ་དང་འབྲེལ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོར་རྩིས་འབུལ་ཞུ་རྒྱུ་བཅས།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྒོ་ཝར་གསར་འགོད་ལྷན་ཚོགས།