བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལས་འགུལ་སྐོར་གསར་འགོད་གསལ་བསྒྲགས།

 

Print
བདེན་པའི་མེ་ལྕེ།བདེན་པའི་མེ་ལྕེ།

 

ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ །༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཚོགས་མི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱ་རིགས་མཐར་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་བཅས་ནས་ཕྱི་ནང་གི་གསར་འགོད་པར་གསར་འགོད་གསལ་བསྒྲགས་ཤིག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྤེལ་གནང་བ་དང། དེ་ཡང་ཐོག་མར་ཚོགས་དྲུང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་དང་ངོ་སྤྲོད་གནང་རྗེས། ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱངས་གནང་དོན།  ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་སྣ་མང་སྤེལ་རྒྱུའི་སླད། ཕྱི་ལོ་ ༢༠༡༢ ཟླ ༣ ཚེས ༢༢ ཉིན་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་གནང་བའི་ཁོངས་ནས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཐད་ཕྱི་ལོ་ ༢༠༡༢ ཟླ ༣ ཚེས ༢༧ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སུ་ཐག་གཅོད་བྱུང་དོན།   ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་སྣ་མང་སྤེལ་རྒྱུའི་སླད། ཕྱི་ལོ་ ༢༠༡༢ ཟླ ༣ ཚེས ༢༢ ཉིན་སྤྱི་འཐུས་རྣམ་པའི་བཞུགས་མོལ་ཚོགས་འདུར་བཀའ་བསྡུར་གནང་བའི་ཁོངས་ནས། བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཐད་ཕྱི་ལོ་ ༢༠༡༢ ཟླ ༣ ཚེས ༢༧ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སུ་ཐག་གཅོད་བྱུང་དོན།

 

རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་དྲག་གནོན་བྱས་པ་ནས་ད་ལྟའི་བར་གྱི་ལོ་ངོ་དྲུག་ཅུ་ལྷག་གི་རིང་། བོད་ཐོག་འཛིན་པའི་གདུག་རྩུབ་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་མི་རྣམས་དམར་གསོད་དང་། བཙོན་འཇུག གཅར་རྡུང་། སུན་བཙིར་སོགས་ཀྱིས་མཚོན་པའི་སྡུག་སྦྱོང་མནར་གཅོད་ཀྱི་དྲག་གནོན་མཚམས་འཇོག་བྱས་མེད་པར། རང་རིགས་རྣམས་ཀྱིས་ཀྱང་ཆོས་རིག་སྐད་ཡིག་དང་བཅས་པའི་མི་རིགས་ཀྱི་བླ་སྲོག་ལ་གཅེས་སྐྱོང་གང་ཐུབ་ཀྱིས་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་གནང་ཡོད།

 

ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།  མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གཙོས་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་རིགས་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་སྲེག་གཏོང་ མཁན་བར་མེད་དུ་བྱུང་དང་འབྱུང་བཞིན་པར། འདི་ནས་ཀྱང་ཁོང་རྣམ་པའི་ཀུན་ཕན་སེམས་བསྐྱེད་ཀྱི་སྙིང་སྟོབས་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྒྱུད་བསྒྲགས་བྱ་ཆེད། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདི་བཞིན་ཕྱི་ལོ་ ༢༠༡༢ ལོའི་ཟླ ༧ ཚེས ༦ སྟེ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་མོ་དང་སྟབས་བསྟུན་འགོ་འཛུགས་བྱ་རྒྱུའི་དགོས་འདུན་ཁག་ནི།

 

  •   ༡༽      ཕྱི་ལོ་ ༡༩༥༩། དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་ པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
  •   ༢༽      བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
  •   ༣༽     བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

 

གོང་གསལ་དགོས་འདུན་དེ་དག་བསྒྲུབ་པའི་སླད་རྒྱ་གར་གཙོས་རྒྱལ་སྤྱིའི་ས་གནས་ཡུལ་གྲུ་སོ་སོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱིས་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས ༡༠ ཉིན་ཨ་རི་ནིའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། སུད་སི་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཞུ་སྙན་ཕུལ་ཏེ་མཇུག་བསྡོམས་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་ཕྱི་ལོ ༢༠༡༢ ཟླ ༦ ཚེས ༢༧ ལ། ཞེས་སྒྲོག་སྦྱངས་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང། ཚོགས་མི་རྣམ་པས་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།།

route maproute map

Menu