བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༤ ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་བ་དང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག  དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག བོད་མི་མང་སྤྱི་འཐུས་རྣམ་པ། གནད་ཡོད་མི་སྣ་སོགས་ཆེད་ཕེབས་གནང་བ་དང་། དེ་བཞིན་མཛད་སྒོའི་ཐོག་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་ལོ་ ༤༠ ལྷག་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་དང་། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་མཛད་འགན་གཟེངས་སུ་ཐོན་པ་གནང་དང་གནང་མུས་ལ་ལེགས་སོའི་བསྔགས་བརྗོད་མཚོན་ཆེད་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཞིག་ཕྱག་རྟགས་སུ་ཕུལ་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བདེ་ལེགས་སྨན་ཁང་ལྟ་བུ་ཡིན་ན། ཕྱི་ལོ་ ༡༩༧༡ ལོར་གསར་འཛུགས་གནང་ནས་ད་ཆ་ལོ་ངོ་ ༥༠ འཁོར་གྱི་ཡོད་ཅིང་། སྐབས་དེ་དུས་འདྲ་པོར་བསམ་བློ་བཏང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དཔལ་འབྱོར་གྱི་མཐུན་རྐྱེན། མི་ཆའི་གནས་སྟངས་སོགས་གང་ཅིར་ཧ་ཅང་གི་དཀའ་ལས་ཁག་པོ་ཡོད་རེད་བསམ་གྱི་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞི་ལ་བཞག་པའི་ཐོག་ནས། བདེ་ལེགས་སྨན་ཁང་ཐོག་མར་དབུ་འཛུགས་གནང་མཁན་གྱི་འགན་འཛིན་གཙོས་པའི་ལས་བྱེད་རིམ་བྱུང་རྣམ་པས་དཀའ་ལས་དང་། རྒྱབ་སྐྱོར་གནང་བར་བརྟེན་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་མི་ཆའི་ཆ་ནས་སྨན་པ་དང་། སྨན་ཞབས་པ་ཡིན་ནའང་འདྲ། ནང་གི་མཐུན་རྐྱེན་ཡིན་ནའང་བཅས་ཚང་མ་ཡར་རྒྱས་ཕྱོགས་སུ་འགྲོ་ཐུབ་པ་དེ་དཔེ་མི་སྲིད་པའི་ཡག་པོ་རེད། དེ་ཡིན་དུས། བདེ་ལེགས་སྨན་ཁང་གི་འགན་འཛིན་རིམ་པ་དང་། སྨན་པ་དང་། སྨན་ཞབས་པ་རྣམ་པས་ད་བར་ལོ་ངོ་ ༥༠ འཁོར་བའི་རིང་གྲུབ་འབྲས་གཟེངས་སུ་ཐོན་པ་དེ་བཞིན་དེ་རིང་མཛད་སྒོའི་ཐོག་སླར་ཡང་ཉན་རྒྱུའི་གོ་སྐབས་བྱུང་བ་དེ་ལ་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།


བདེ་ལེགས་སྨན་ཁང་ངོས་ནས་བཞུགས་སྒར་རྡ་ས་ཙམ་མ་ཡིན་པར། བཙན་བྱོལ་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ཚང་མའི་ནང་སྨན་བཅོས་ཀྱི་ཐོག་ལ་ལམ་སྟོན་གནང་རྒྱུ་དང་། ཊི་སྦི་ན་ཚ་རྩ་འགོག་གཏོང་རྒྱུའི་ལས་གཞི་སྤེལ་ཐུབ་ཡོད། སྤྱིར་ང་ཚོའི་སྤྱི་ཚོགས་དེ། ཕྱོགས་གཅིག་ནས་མི་འབོར་ཉུང་ཉུང་རེད། ཕྱོགས་གཞན་ཞིག་ནས་གཞིས་ཆགས་དང་། སློབ་གྲྭ དགོན་སྡེ། རྒས་གསོ་ཁང་ལྟ་བུ་སྡེ་ཚན་འདྲ་པོ་མང་པོ་ཞིག་ལ་གྱེས་ནས་བསྡད་ཡོད་པ་རེད། དེ་ཚོར་གཙོ་བོ་འཕྲོད་བསྟེན་ལས་ཁུངས་ནས་གཟིགས་སྐྱོང་ཞིག་གནང་བཞིན་ཡོད་པའི་ཐོག བདེ་ལེགས་སྨན་ཁང་གི་ཐོག་ནས་མཐུན་རྐྱེན་དང་། མི་ཆའི་ཐོག་ནས་ག་ཚོད་སྙོབ་ཐུབ་ཐུབ་ཀྱི་ད་བར་རང་རེའི་སྤྱི་ཚོགས་ནང་ལུས་སེམས་བདེ་ཐང་ཡོང་རྒྱུའི་ཐོག་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། སྲི་ཞུ་ལས་ཟུར་རྣམ་པ་ཡོངས་ལ་བདེ་ལེགས་སྨན་ཁང་གི་ཐོག་ནས་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་རེད། མ་འོངས་པར་ང་ཚོའི་སྤྱི་ཚོགས་དང་། ཡུལ་མི་བཅས་ཡོངས་ལ་བདེ་ལེགས་སྨན་ཁང་ངོས་ནས་མུ་མཐུད་དེ་མདུན་བསྐྱོད་བྱ་རྒྱུའི་ཐོག་རྣམ་པ་ཚོར་ཆོད་སེམས་བརྟན་པོ་ཡོད་རེད་ལ། ང་ཚོའི་ངོས་ནས་ཀྱང་དེ་བཞིན་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། ཉིན་གཅིག་གཞིས་བྱེས་མཉམ་འཛོམས་བྱུང་བའི་ཚེ། བདེ་ལེགས་སྨན་ཁང་དེ་བཞིན་རྒྱལ་ས་ལྷ་ས་ལྟ་བུར་བཙུགས་ཏེ། དེའི་ཡན་ལག་སྨན་ཁང་ཁག་བོད་མདོ་དབུས་ཁམས་གསུམ་ནང་འཛུགས་ཐུབ་རྒྱུའི་རེ་བ་ཡོད་པ་དང་། རེ་བ་དེ་བཞིན་གྲུབ་འབྲས་ཐོན་རྒྱུ་ངེས་པ་རེད་བསམ་གྱི་འདུག


དེ་ནས་དེ་རིང་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ལ་ཐུགས་རྗེ་ལེགས་སོའི་འབུལ་རྒྱུའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། གོང་དུ་བཀའ་ཟུར་རྣམ་པ་དང་། འབྲེལ་ཡོད་བདེ་ལེགས་སྨན་ཁང་གི་འགན་འཛིན་རྣམ་པ་བཅས་ནས་༧སྐུའི་བླ་སྨན་པ་མཆོག་གི་མི་གཤིས་དང་། བསམ་བློ་གཏོང་ཕྱོགས། ཕྱག་ལས་གནང་ཕྱོགས་བཅས་ཀྱི་ཁྱད་ཆོས་མང་པོ་ཞིག་གསུངས་སོང། ངས་དེ་ཚོའི་ཐོག་ལ་དམིགས་བསལ་ཞུ་མ་དགོས་པའི་ཐོག་ནས་དེ་དེ་བཞིན་རེད་ཅེས་ཞུ་རྒྱུ་ཡིན། སྤྱིར་བཏང་ང་ཚོའི་སྤྱི་ཚོགས་ནང་ཐོག་མར་སྨན་པ་ཟེར་བ་དེར། ལྷ་རྗེ་ཞེས་ལབ་སྲོལ་ཡོད་པ་དང་། དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་སུ་བྱུང་བ་དང་། སྐབས་དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ལྷ་རྗེ་རྣམ་པར་གུས་བཀུར་ཆེན་པོ་གནང་སྟེ། ལྷ་རྗེ་ཞེས་པའི་མཚན་དེ་ཡོངས་གྲགས་གནང་ནས་བོད་པའི་སྤྱི་ཚོགས་ནང་སྨན་པར་ལྷ་རྗེ་ཞེས་པའི་ཐ་སྙད་བྱུང་བ་དང་། རིམ་པས་ཨམ་ཆི་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། དེ་སོག་པའི་ཐ་སྙད་རེད། དེང་སང་ཡོངས་གྲགས་སུ་སྨན་པ་ཞེས་ཟེར་སྲོལ་ཡོད་རེད།

དམིགས་བསལ་གྱིས་བླ་སྨན་པ་ཟེར་དུས། ལོ་རྒྱུས་ཐོག་ནས་ཞུས་པ་ཡིན་ན། བོད་ཀྱི་བཙན་པོ་རིམ་བྱོན་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྲེང་རིམ་བྱོན། བཀའ་བློན་རྣམ་པའི་སྨན་གྱི་ཞབས་ཏོག་ཞུ་མཁན་ལ་ཟེར་གྱི་ཡོད་ཅིང་། དེང་སང་༧སྐུའི་བླ་སྨན་པ་ཟེར་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་ཀྱི་སྨན་པར་གོ་གི་ཡོད། དེ་བཞིན་བོད་ཀྱི་ཚིག་མཛོད་ནང་བལྟས་པ་ཡིན་ནའང་། བླ་སྨན་ཁང་ཟེར་ཡོང་དུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བསྟེན་ཐོག་སྨན་སྦྱོར་གནང་ས་དེ་ཚོར་གོ་གི་ཡོད། བོད་པའི་སྤྱི་ཚོགས་ཀྱི་རིག་གཞུང་ནང་ཨེམ་ཆི་རྣམ་པས་བྱམས་དང་སྙིང་རྗེའི་ཐོག་ནད་པར་གཟིགས་རྟོག་གནང་དགོས་པ་གལ་ཆེན་པོ་རེད། དེང་སང་དུས་རབས་ཉེར་གཅིག་ནང་སྨན་ཁང་དང་། སྨན་པ་དེ་ཚོ་ཁྲོམ་རའི་ནང་སླེབས་ཡོང་དུས། དེའི་འདུ་ཤེས་དེ་ཚོ་བརླག་འགྲོ་གི་ཡོད་རེད། སྤྱི་ཚོགས་ནང་དངུལ་མེད་པ་ཡིན་ན། སྨན་ཁང་ཡག་པོ་དང་། སྨན་པ་ཡག་པོ་བསྟེན་གཏུགས་བྱ་རྒྱུ་ཁག་པོ་ཆགས་ཡོད་རེད། ནུབ་ཕྱོགས་པ་དང་ཤར་ཕྱོགས་པའང་ལམ་སྲོལ་དེ་འགྲོ་བཞིན་ཡོད།

གཞུང་ལུགས་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེས་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །གསུངས་པ་བཞིན་ནད་པ་རྣམས་ལ་དམིགས་བསལ་ཕན་ཐོགས་ཐུབ་ན། ཧ་ཅང་གི་བསོད་ནམས་ཆེན་པོ་གསོག་གི་ཡོད་པ་གསུང་གི་ཡོད་རེད། ༧སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཕྱི་ལུགས་ཨེམ་ཆི་མཉམ་བྱམས་སྙིང་རྗེའི་སྐོར་གོ་བསྡུར་བྱུང་བ་དེ་ལྟར་ཕྱག་ལས་གནང་གི་ཡོད་པར་ཧ་ཅང་གི་རླབས་ཆེན་པོ་རེད་བསམ་གྱི་ཡོད། དེ་སྔོན་བོད་མིའི་སྒྲིག་འཛུགས་ངོས་ནས་༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། སྨན་པ་རྟ་མགྲིན་ལགས་རྣམ་པ་གཉིས་ལ་གཟེངས་བསྟོད་ཕྱག་རྟགས་གནང་བ་དང་། དེའི་རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་དེ་གའི་སྒྲིག་འཛུགས་ངོས་ནས་ཁོང་རྣམ་པ་གཉིས་ལ་གཟེངས་བསྟོད་གནང་བ། དེ་བཞིན་དེ་རིང་༧སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ལ་བདེ་ལེགས་སྨན་ཁང་ནས་གཟེངས་བསྟོད་བཅས་གནང་བ་རེད། དེ་དག་ཚང་མར་གཟེངས་རྟགས་འབུལ་མཁན་ང་ཆགས་སོང་དེ་ཡིན་དུས་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་རེད་བསམ་གྱི་འདུག ༧སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷག་བསམ་གཡོ་བ་མེད་པར་ཞབས་ཞུ་སྒྲུབ་ཀྱི་རེད་ལ། དེ་ལྟར་མུ་མཐུད་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་བདེ་ལེགས་སྨན་ཁང་གི་ལོ་རྒྱུས་རྩོམ་སྒྲིག་པ་དང་། པར་སྐྲུན་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་བ་དང་། དེ་བཞིན་བདེ་ལེགས་སྨན་ཁང་གི་ལོ་རྒྱུས་ཕྱག་དེབ་དབུ་འབྱེད་གནང་བ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་མཆོག་དང་ལྷན། ༧སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མི་ལོ་ ༤༠ ལྷག་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་དང་། བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་མཛད་འགན་གཟེངས་སུ་ཐོན་པ་གནང་དང་གནང་མུས་ལ་ལེགས་སོའི་བསྔགས་བརྗོད་མཚོན་ཆེད་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཞིག་ཕྱག་རྟགས་སུ་ཕུལ་སོང་བ་བཅས། །