བདེ་ལེགས་སྨན་ཁང་གི་ཊི་སྦི་རྩ་འགོག་ལས་གཞིའི་ཆེད་ཉི་འོང་རྒྱལ་ཁབ་ནས་གསར་ཉོ་གནང་བའི་འཁྱེར་སྤྱོད་བདེ་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་ཞིག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་འབྱེད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༤ ཉིན་འཛམ་གླིང་ཊི་སྦི་ཉིན་མོ་དང་སྟབས་བསྟུན།  དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྡ་སྟེང་བོད་ཁྱིམ་དུ་བདེ་ལེགས་སྨན་ཁང་ནས་ཊི་སྦི་རྩ་འགོག་གི་ལས་གཞིའི་ཆེད་ཉི་འོང་རྒྱལ་ཁབ་ནས་གསར་ཉོ་གནང་བའི་འཁྱེར་སྤྱོད་བདེ་བའི་དེང་དུས་ཚད་མཐོའི་གློག་པར་འཕྲུལ་ཆས་ (Fuji film portable X-ray machine) ཞིག་དབུ་འབྱེད་གནང་སོང་།

གློག་པར་འཕྲུལ་ཆས་དབུ་འབྱེད་གནང་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། དེ་རིང་འཛམ་གླིང་ཊི་སྦི་ཉིན་མོ་དང་བསྟུན། བདེ་ལེགས་སྨན་ཁང་གི་ལས་འཆར་འདིའི་ཐོག་ནས་ང་རང་རྡ་ས་བོད་ཁྱིམ་སློབ་གྲྭའི་ནང་བཅར་རྒྱུ་བྱུང་བ་རེད། འདིར་ཕེབས་པའི་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་དང་། བོད་ཁྱིམ་གྱི་མཛད་གཙོ་རྣམ་པ། གསར་འགོད་པ་རྣམ་པ། ལྷག་པར་དུ་ལས་གཞི་འདི་དང་འབྲེལ་བའི་འགན་ཁུར་མཁན་གྱི་སྨན་པ་དང་། ནད་གཡོག་བཅས་ཚང་མར་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་འཕྲུལ་ཆས་དེ་སྒམ་ཆུང་ཆུང་ཞིག་རེད་འདུག་ཀྱང་། འགྲོ་སོང་འབུམ་དྲུག་ཅུ་ལྷག་ཙམ་བཏང་འདུག་པ་དང་། དེ་ནི་འགྲོ་སོང་ཆེན་པོ་ཞིག་རེད། ལས་གཞི་འདིས་ང་ཚོའི་སྤྱི་ཚོགས་ནང་ཊི་སྦི་རྩ་འགོག་བཟོ་རྒྱུའི་དམིགས་ཡུལ་ཟིན་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་མཐོང་གི་འདུག ཁ་སང་གྲོས་ཚོགས་མ་ཚུགས་པའི་སྔོན་ནས་ལས་གཞི་འདི་འདྲ་ཞིག་ཡོད། དེར་ཡོང་རོགས་གནང་ཞེས་གསུངས་སོང་། ལས་གཞི་འདི་འདྲའི་ཐོག་ལ་དངོས་སུ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་རྒྱུ་མིན་འདུག་ཀྱང་། མང་ཚོགས་ཀྱི་ཐོག་ལ་དོ་སྣང་ཡོང་རྒྱུའི་ཆེད་རྒྱབ་སྐྱོར་མཚོན་ཆེད་དུ་དེ་རིང་འདིར་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། སྐུ་ངོ་མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དུས་ཚོད་ཀྱི་ཐོག་ནས་བཤད་ན། ད་ལྟ་དུས་རབས་ ༢༡ ནང་འགྲོ་གི་ཡོད་རེད། མིའི་ལག་ཤེས་ཀྱི་རྣམ་དཔྱོད་ཡིན་ནའང་ཕྱུག་རུ་འགྲོ་གི་ཡོད་པ་དང་། དེ་བཞིན་འཕྲུལ་ཆས་ཀྱི་ནུས་པ་དང་། བེད་སྤྱོད་གཏོང་སྟངས་དེ་ཚོ་ཚགས་ཚུད་རུ་འགྲོ་གི་ཡོད་རེད། ད་ལྟ་གློག་པར་བརྒྱབ་རྒྱུ་འདྲ་པོ་ཡིན་ན། སྐར་མ་ཁ་ཤས་ནང་གྲུབ་འབྲས་བཏོན་ཐུབ་པ། ནམ་རྒྱུན་འདྲ་ཡིན་ན་ཆུ་ཚོད་ཁ་ཤས་སྒུག་དགོས་པ་མ་ཟད། སྨན་ཁང་སོགས་ལ་ཕར་ཚུར་འགྲོ་དགོས་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་རེད། དུས་ཚོད་ཀྱི་ཐོག་ནས་གྲུབ་འབྲས་མྱུར་པོ་བཏོན་ཐུབ་པ་དེས། ཏན་ཏན་ང་ཚོའི་སྤྱི་ཚོགས་ནང་གི་ཊི་སྦི་རྩ་འགོག་གི་ལས་གཞི་རེད། དེ་མ་ཡིན་པའི་གློག་པར་བརྒྱབ་རྒྱུའི་ན་ཚ་གཞན་མཚོན་པའི་ཚང་མ་ལོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་ཆགས་བསྡད་ཡོད་རེད། དེར་བརྟེན་འབྲེལ་ཡོད་མཐུན་འགྱུར་གནང་མཁན་དང་། འགན་ཁུར་གནང་མཁན་ཚང་མ་ལོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ད་རེས་ཀྱི་ལས་འཆར་འདིའི་ཐོག་འགྲོ་སོང་ཕོན་ཆེན་པོ་ཞིག་བཏང་བ་གཞིར་བཟུང་མང་ཚོགས་ངོས་ནས་ཀྱང་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་རེད། མང་ཚོགས་ཀྱི་ཐོག་ནས་ཐུགས་སྣང་གནང་ཐུབ་དགོས་པ་དང་། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་མི་འབོར་ཉུང་ཉུང་ཞིག་ཆགས་བསྡད་ཡོད་རེད། མི་འབོར་གང་ཡོད་པ་དེའི་ལུས་སེམས་བདེ་ཐང་དང་། འཚར་ལོངས་ཀྱི་གནས་སྟངས་ཡིན་ནའང་རེད། དེ་བཞིན་མི་གཅིག་གི་ཚེ་སྲོག་དང་། མི་གཅིག་གི་ལུས་སེམས་ཀྱི་གནས་སྟངས་གལ་ཆེན་པོ་ཡིན་དུས། དེ་ཚོའི་ཐོག་ལ་ང་ཚོས་གཅེས་སྤྲས་དང་། རྩ་ཆེན་པོར་བརྩིས་ནས་ལས་འཆར་འདིའི་ཐོག་ནས་ཐུགས་ཕན་གསོ་ཐུབ་པ་ཞིག་དང་། མང་ཚོགས་ངོས་ནས་ཡིན་ནའང་། འདིར་རྒྱབ་སྐྱོར་དང་། མཉམ་ཞུགས་བྱེད་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། མཐའ་དོན་ལས་འཆར་འདིའི་ཐོག་མཐུན་འགྱུར་གནང་མཁན་རྣམ་པ་ཚོ་ཚང་མ་དང་། འདིར་ཕེབས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

གཞན་ཡང་སྐབས་དེར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་གིས་ལས་འཆར་དེའི་སྐོར་ངོ་སྤྲོད་དང་། སྨན་པ་བསོད་ནམས་ལགས་ཀྱིས་གློག་པར་འཕྲུལ་ཆས་ཀྱི་དམིགས་བསལ་ཁྱད་ཆོས་སྐོར་གསུངས་གནང་བ་བཅས། །

 

Menu