བདམས་ཐོན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་བདམས་ཐོན་སྤྱི་འཐུས་བསོད་ནམས་དབང་མོ་ལགས་རྣམ་གཉིས་ནས་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་པ།


༄༅། ། བོད་མི་མང་མདོ་སྟོད་སྤྱི་འཐུས་བློ་བཟང་གྲགས་པ་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ནས་སྐབས་ ༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་ཞེས་པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་ཚེ་རིང་སྒྲོལ་མ་ལགས་དང་། མདོ་སྨད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བསོད་ནམས་དབང་མོ་ལགས་རྣམ་གཉིས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། ཕྱི་ཟླ་ ༥ ཚེས་ ༣ ཉིན་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་མདུན་དུ་བདམས་ཐོན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་། བདམས་ཐོན་སྤྱི་འཐུས་བསོད་ནམས་དབང་མོ་ལགས་རྣམ་གཉིས་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གྲོས་ཚོགས་རྭ་བར་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཞོན་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་གུས་ཕྱག་དང་མཇལ་དར་སྒྲོན་འབུལ་དང་། དེ་རྗེས་བདམས་ཐོན་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་། བདམས་ཐོན་སྤྱི་འཐུས་བསོད་ནམས་དབང་མོ་ལགས་རྣམ་གཉིས་ནས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་དཔལ་ལྡན་ཚོགས་གཞོན་མཆོག་གི་མདུན་ནས་ལས་ཁུར་དམ་འབུལ་ཞུས་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གསར་དུ་དམ་འབུལ་ཞུས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་སྦྲགས་གསུང་དོན། རྩ་བའི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་ཁྱུར་ལ་ཉེ་བ་ཡིན་པ་དང་། དུས་ཚོད་ཐུང་ཐུང་མ་གཏོགས་ལྷག་མེད་ཀྱང་རྣམ་པ་ཚོ་དང་ལྷན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། སྤྱིར་འཛམ་གླིང་སྤྱི་དང་། ལྷག་པར་དུ་རྒྱ་གར་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་འགྲུལ་བཞུད་སོགས་ལ་དཀའ་ངལ་ཡོད་ཀྱང་དེ་རིང་བདམས་ཐོན་སྤྱི་འཐུས་རྣམ་གཉིས་ལས་ཁུར་དམ་འབུལ་ཐོག་ཕེབས་ཐུབ་ཡོད་རེད།

 

༧གོང་ས་མཆོག་ནས་མི་མང་ལ་མང་གཙོ་གསོལ་རས་གནང་ནས་ལོ་ངོ་ ༦༠ འཁོར་བའི་མང་གཙོའི་དུས་ཆེན་ན་ནིང་ཕྱི་ཟླ་ ༩ ཚེས་ ༢ ལ་སྲུང་བརྩི་ཞུས་པ་རེད། སྐབས་དེར་ནད་ཡམས་རྐྱེན་པས་དུས་ཆེན་སྲུང་བརྩི་དེ་ཙམ་རྒྱས་པོ་ཞུས་ཐུབ་ཡོད་མ་རེད། སྲུང་བརྩི་རྒྱས་པོ་ཞུ་རྒྱུ་གལ་ཆེན་པོ་ཡིན་ཡང་། དེ་ལས་ལྷག་པ་དེ། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་ཁྱུར་ལ་ཉེ་དུས། ལས་དོན་ཁག་མཇུག་འདེད་ཡག་པོ་གནང་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་དང་། དེ་ཚད་ལྡན་ཡོང་རྒྱུར་སྤྱི་འཐུས་ཡོངས་རྫོགས་ནས་འགན་ཁྱེར་དགོས་པ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་ཡོང་བ་དང་། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་བསྒྲུབ་དགོས་པ། གཞིས་བཞུགས་སྤུན་ཟླ་ཚོ་བློ་མི་ཞུམ་པ་གནང་རྒྱུ་ཚང་མའི་འགན་རེད་ཅེས་དང་། ང་རང་ལྟ་བུར་མཚོན་ན། དབུས་གཙང་རྒྱ་ཆེའི་མི་མང་ནས་ལོ་ ༡༥ རིང་སྤྱི་འཐུས་སུ་འོས་འདེམས་གནང་བ་དང་། ལོ་ལྔའི་རིང་སྤྱི་འཐུས་རྣམ་པས་ཚོགས་གཞོན་དུ་འོས་འདེམས་གནང་བ་རེད། ད་ལྟ་བར་དུ་འགན་ཁུར་ཧུར་ཐག་ཞུས་པ་དང་། མ་འོངས་པར་ལས་ཁུར་མ་ཁྱུར་བར་མུ་མཐུད་འགན་ཁུར་ཧུར་ཐག་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསུངས་གནང་སོང་།

གྲོས་ཚོགས་འཕར་མ་འཚོགས་རྒྱུའི་དགོངས་དོན་གཞིར་བཟུང་། ནམ་རྒྱུན་བཞིན་རྩིས་སྐོར་དུས་ཚོད་གཏན་འབེབས་གནང་སྟེ། ཟླ་འདིའི་ཚེས་ ༢༠ ཉིན་གྲོས་ཚོགས་འཕར་མ་འཚོགས་རྒྱུའི་གསལ་བསྒྲགས་གནང་བ་རེད། ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཐོག་ནས་རྐྱེན་ངན་འཕྲད་ན་མ་གཏོགས། གཞན་ལྷན་ཚོགས་གོང་ཚེས་ཉིན་འཚོགས་རྒྱུའི་གསལ་བསྒྲགས་གནང་ཟིན་པ་རེད། ང་ཚོ་ཚང་མས་བོད་སྤྱི་པའི་འཐབ་རྩོད་ཐོག་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་སོང་།

དེ་ནས་ཚང་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས་དམ་འབུལ་མཛད་སྒོ་ལེགས་གྲུབ་གནང་སོང་།

དེ་རྗེས་འདུ་འཛོམས་ཁང་དུ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་དང་། སྤྱི་འཐུས་བསོད་ནམས་དབང་མོ་མཆོག་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་གཞོན་ལས་ཁུངས་སུ་དམ་འབུལ་ཟིན་པའི་སྤྱི་འཐུས་རྣམ་པ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་བཅའ་ཁྲིམས་དང་། སྒྲིག་གཞིའི་དཔེ་དེབ་སོགས་འགྲེལ་བརྗོད་སྙིང་བསྡུས་དང་བཅས་ཕུལ་གནང་སོང་།

སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་ནི་ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་བྱང་ཤར་མེག་གྷ་ལ་ཡའི་མངའ་སྡེའི་ཤེས་ལོངས་ས་གནས་སུ་འཁྲུངས་པ་དང་། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཆུང་དུས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ། རྡོར་གླིང་བོད་མིའི་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་རྗེས་ཤེས་ལོངས་ནང་རྟེན་གཞི་བྱས་པའི་ནེ་ཧུ་ (North Eastern Hill University-NEHU) གཙུག་ལག་སློབ་གཉེར་ཁང་ནས་ལོ་གསུམ་རིང་སློབ་སྦྱོང་བྱས་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་མཐར་ཕྱིན། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དང་། རྒྱུན་ལས། དྲུང་ཆེ་བཅས་གནང་། དེ་རྗེས་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་དང་། དྲུང་ཆེ་གནང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོར་བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་ཆབ་སྲིད་ལས་འགུལ་ཆེན་མོ་སྤེལ་སྐབས་དང་བླངས་ཐོག་མཉམ་ཞུགས་གནང་། དེ་བཞིན་ཤེས་ལོངས་ས་གནས་མདོ་སྟོད་འོས་བསྡུའི་ཚོགས་མིའི་འགན་ཁུར་ཐོག་དེ་སྔོན་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཚགས་ཚུད་ལེགས་སྒྲུབ་གནང་། ཤེས་ལོངས་ས་གནས་ཆུ་སྒང་གི་ཚོགས་མི་དང་། དེང་གི་ཆར་ཤེས་ལོངས་མི་མང་ནས་ཐུགས་རེ་ཆེན་པོས་ས་གནས་འཐུས་ཚོགས་སུ་བདམས་ཐོན་དང་། ས་གནས་འཐུས་མི་རྣམ་པས་ཤེས་ལོངས་ས་གནས་འཐུས་མིའི་ཚོགས་གཙོར་འོས་འདེམས་ཀྱིས་ལས་ཁུར་དམ་འབུལ་ཞུས་ཐོག་ལས་དོན་འགན་ཁུར་གནང་བཞིན་ཡོད།

སྤྱི་འཐུས་བསོད་ནམས་དབང་མོ་མཆོག་ནི་ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་ཕ་སྟག་ལུང་དགེ་འདུན་བླ་མ་དང་། མ་ཚེ་རིང་མཚོ་གཉིས་ཀྱི་བུ་མོར་འཁྲུངས་ཤིང་། ཐོག་མར་རྒྱ་གར་ར་ཇཱ་ རམ་ མོ་ཧན་ རོཡེ་(Raja Ram Mohan Roy Academy School,Dehradun) སློབ་གྲྭ་འགྲིམས་པ་དང་། རིམ་པས་ཌི་ཨེ་ཝི་ (DAV (PG) College,Dehradun) མཐོ་སློབ་དང་། ཨིག་ནོ་ (IGNOU) གཙུག་ལག་སློབ་གཉེར་ཁང་བཅས་ལ་སློབ་སྦྱོང་གནང་ནས་ཕྱི་ལོ་ ༢༠༡༩ ལོར་ཨིན་ཡིག་སློབ་ཚན་ཐོག་སློབ་དཔོན་ཆེན་མོའི་ལག་འཁྱེར་བླངས་ཡོད། དེ་ནས་རྒྱ་གར་མཐོ་སློབ་ (Account Age) ནས་ (Diploma in Accountancy) རྩིས་དང་། གློག་ཀླད་སོགས་ཀྱི་ཐོག་ལ་ཆེད་ལས་ལག་འཁྱེར་ཐོབ་ཡོད། ད་ལྟ་ (Unison World School, Administration Department) ཞེས་པའི་སློབ་གྲྭའི་ནང་རྒྱལ་སྤྱིའི་སློབ་གྲྭའི་མཐུན་སྦྱོར་གྱི་ཕྱག་ལས་གནང་བཞིན་ཡོད།
རྒྱ་གར་མཐོ་སློབ་ཁག་ནས་སློབ་མཐར་ཕྱིན་རྗེས། བོད་མི་རིགས་ལ་ཞབས་ཞུ་སྒྲུབ་འདོད་ཡོད་པ་ལྟར། དོན་གྲུབ་གླིང་གཞིས་ཆགས་ཀྱི་སློབ་གྲྭའི་ནང་ལོ་བཞིའི་རིང་ཨིན་ཡིག་དགེ་རྒན་གྱི་ཞབས་འདེགས་ཞུས་པ་དང་། དེ་ནས་ཕྱི་ལོ་ ༡༩༩༧ ནས་ ༢༠༠༢ བར་སྡེ་ར་ལྡུན་མདོ་སྨད་ས་གནས་རྒྱུན་ལས་དང་། དོན་གྲུབ་གླིང་ས་གནས་གྲོས་ཚོགས་ཀྱི་ཚོགས་མིའི་ལས་འགན་གཅིག་ལྕོགས་གནང་བ་མ་ཟད། ས་གནས་འོས་བསྡུའི་འཐུས་མི་ལོ་ལྔ་དང་འོས་བསྡུའི་ཚོགས་གཙོའི་འགན་ཡང་ཁུར་མྱོང་ཡོད།

ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་མདོ་སྨད་དབུས་རྒྱུན་ལས་ཀྱི་དཔལ་འབྱོར་འགན་འཛིན་དང་། ཕྱི་ལོ་ ༢༠༠༦ ནས་ ༢༠༠༩ བར་མདོ་སྨད་དབུས་རྒྱུན་གྱི་དྲུང་ཆེ། མདོ་སྨད་དབུས་རྒྱུན་ཡིག་ཚང་གི་རྒྱུན་བཞུགས་ལས་བྱེད། དེ་བཞིན་མདོ་སྨད་ཨ་ཁུ་པད་མ་ཟློས་གར་ཚོགས་པའི་འགན་འཛིན་སོགས་ཀྱི་ཞབས་ཞུ་སྒྲུབ་ཡོད་པ་བཅས། །