བདམས་ཐོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དམ་འབུལ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཙམ་ནས་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་བདམས་ཐོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་། གནས་ཆུང་གྲྭ་དབྱངས་གླིང་གྲྭ་ཚང་བཅས་ལ་མཆོད་མཇལ་གནང་ཡོད་པ་དང་།  དེ་རྗེས་ཆུ་ཚོད་ ༩།༢༥ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་བདམས་ཐོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ལོ་གཉིས་དང་ཕྱེད་ཀ་ཕྱི་མའི་ལས་ཁུར་དམ་བཅའ་འབུལ་བཞེས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱལ་མཆོག་དང་ཀརྨ་དགྲ་འདུལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག  དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་དབུས་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུང་འདོན་གནང་བ་དང་། དེ་ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བདམས་ཐོན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་ལས་ཁུར་དམ་འབུལ་ཞུས་གནང་བ་དང་། དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་རྟེན་འབྲེལ་མཚོན་བྱེད་མཇལ་དར་སྒྲོན་འབུལ་གནང་མཚམས་དམ་འབུལ་མ་དེབ་ཏུ་མཚན་རྟགས་བཀོད་གནང་སོང་།

དེ་ནས་སྐུ་མགྲོན་རྣམ་པར་གྲོ་སོ་ཕྱེ་མར་དང་ཆང་ཕུད་འདེགས་འབུལ་གྱིས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་མཛད་གཙོ་རྣམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་དོད་དང་མཇལ་དར་སྒྲོན་འབུལ་དང་འབྲེལ་བདམས་ཐོན་ཚོགས་གཙོ་མཆོག་ལ་འཚམས་འདྲིའི་མཇལ་དར་སྒྲོན་ཏེ་དམ་འབུལ་གྱི་མཛད་སྒོ་གྲོལ་གནང་ཡོད་པ་དང་། དེ་རྗེས་གསར་འགོད་པས་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ལོ་གཉིས་དང་ཕྱེད་ཀའི་ནང་ལས་དོན་གཙོ་བོ་གང་གནང་གི་ཡིན་ནམ་ཞེས་དྲི་བ་ཕུལ་གནང་བར།

དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་འགྲོ་ཐབས་དང་། བོད་དོན་བདེན་མཐའ་གསལ་ཐབས་ཆེད་དུ་སོ་སོས་ནུས་པ་གང་ལྕོགས་ཀྱིས་ལས་ཀ་བྱེད་རྒྱུ་དང་། ལྷག་པར་དུ་ང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་དེ་སྔོན་ང་སྤྱི་འཐུས་ཚོགས་གཙོ་བྱས་པའི་སྐབས་ལ་རྒྱ་གར་དབུས་ཀྱི་གྲོས་ཚོགས་དང་། མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གང་མང་བཟོ་རྒྱུའི་འབད་བརྩོན་བྱས་པ་རེད། ཡིན་ནའི་འབད་བརྩོན་བྱས་པ་ནང་བཞིན་བྱུང་ཡོད་མ་རེད། དེ་དུས་༸སྐྱབས་མགོན་རིན་པོ་ཆེར་སྙན་གསན་ཞུ་རྒྱུ་བྱུང་། ལས་འཆར་ནང་དེ་འདྲ་བང་བསྒྲིགས་པ་ནང་བཞིན་བྱུང་མ་སོང་། ཞེས་ཞུས་སྐབས་ཁོང་གིས་དེ་ཕངས་པོ་རེད་པཱ་ཞེས་གསུངས་གནང་སོང་། མ་འོངས་པར་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་མང་འཛུགས་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ང་ཚོ་མི་མང་གིས་འོས་འདེམས་བྱས་པ་ཞིག་རེད། དེ་ཡིན་ཙང་རྒྱ་ཆེའི་མང་ཚོགས་ཐུགས་མ་ཕམ་པ་བཟོ་རྒྱུ་དེ་གཙོ་བོ་ཞིག་རེད་བསམ་གྱི་འདུག ཅེས་གསུངས་གནང་སོང་།

དེ་རྗེས་གནས་ཆུང་སྐུ་ངོ་སྐུ་རྟེན་སོགས་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པས་ཚོགས་གཙོའི་ལས་ཁུངས་སུ་ཚོགས་གཙོར་འཚམས་འདྲི་ཞུ་བར་ཕེབས་གནང་ཡོད་པ་བཅས། །

Menu