བཀའ་སྤྱི་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཕྱོགས་སྐོར་བཀའ་བསྡུར་གནང་བ།

ཟླ་ ༣ ཚེས་ ༢༩ ཉིན་རྒྱབ་ཚོུད་ ༢ སྟེང༌། ཚོགས་དྲུང་ལས་ཁུངས་ཀྱི་དཔེ་མཛོད་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོ་སྐྱོང་འོག་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ་དྲུག་དང༌། ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་དང༌། སྤྱི་འཐུས་རྒྱུན་ལས་རྣམ་པ་བརྒྱད་བཅས་ལྷན་འཛོམས་གནང་སྟེ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་དུས་དང་ཚོགས་ཡུལ། ཚོགས་མིའི་ཡོང་ཁུངས། གྲོས་གཞི། ལས་རིམ་དང་མཇུག་གནོན་གནང་ཕྱོགས་སོགས་ལ་བཀའ་བསྡུར་གྱིས་གཏན་འབེབས་གནང་ཡོད།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་བསྡུ་བསྐོང་གི་ལས་གཞི་འདི་ནི་གྲོས་ཚོགས་ཚོགས་དུས་ ༡༡ པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དབང་རྩིས་སྤྲོད་མཛད་རྒྱུའི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་ཐོག་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་གིས་སྤྱི་མོས་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༧ དགོངས་དོན་ལྟར་བཀའ་སྤྱི་ལྷན་རྒྱས་ནས་མཇུག་སྐྱོང་གནང་བ་ཞིག་ཡིན།
ལྷན་ཚོགས་སུ་ད་དུང་བོད་ཕྲུག་ཁྱིམ་སྡེ་དང༌། སམ་བྷོ་ཊ། མ་སུ་རི་བོད་ཁྱིམ་བཅས་ནས་ཤེས་ཡོན་སྲིད་ཇུས་ལག་བསྟར་ཇི་ཞུས་ཀྱི་སྙན་ཞུའི་སྐོར་ལའང་བཀའ་བསྡུར་གནང་ཡོད་པ་དང༌། བཀའ་སྤྱི་ལྷན་རྒྱས་སྔ་མའི་སྐབས་གོང་གསལ་སློབ་གྲ་ཁག་ལ་ད་ཕན་ཤེས་ཡོན་སྲིད་ཇུས་ལག་བསྟར་ཇི་ཞུས་དང༌། འབྱུང་འགྱུར་ལས་དོན་བྱེད་འཆར་ཇི་ཡིན་གྱི་བཀོད་ཁྱབ་བཏང་ཡོད།
ལྷན་ཚོགས་སུ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང༌།  དཔལ་འབྱོར་བཀའ་ཚེ་རིང་དོན་གྲུབ་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག  ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག  འཕྲོད་བསྟན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག  སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས།  སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས།   སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་ལགས།  སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ངག་དབང་ལྷ་མོ་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས།  སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བཅས་ཕེབས་ཞུགས་གནང་ཡོད།