༄༅། ། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཨ་རི་དང་། ཅེག་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝི་ནི་ཡ། ཐེ་ཝན་སོགས་རྒྱལ་ཁབ་མི་འདྲ་བ་ཁག་ ༡༧ གྱི་གཞུང་ཚབ་ཆེན་མོ་དང་། གཞུང་ཚབ་ཆེན་མོ་གཞོན་པ་སོགས་གནད་ཡོད་མི་སྣ་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།
དེ་ཡང་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་རྒྱུན་ལས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྒྱུན་ལས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་རྒྱུན་ལས་ཚེ་རིང་ལྷ་མོ་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱུན་ལས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཐུབ་བསྟན་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་བཅས་ཡོད་པ་རེད།
ཐེངས་འདིའི་ཞུ་སྐུལ་སྐབས། བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སྡེ་ཚན་གསུམ་ལ་ཆ་བགོས་ཀྱིས་དཔལ་ལྡན་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་བཅས་ཀྱིས་སྡེ་ཚན་རེ་རེ་སྣེ་ཁྲིད་གནང་སྟེ། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡ་ཁུལ་སོགས་ཀྱི་རྒྱལ་ཁབ་ཁག་མི་འདྲ་བ་ ༡༧ གྱི་གཞུང་ཚབ་ཁང་དུ་ཆེད་བཅར་གྱིས་དེ་གའི་གཞུང་ཚབ་ཆེན་མོ་སོགས་གནད་ཡོད་ལས་བྱེད་རྒན་གྲས་མང་པོ་ཞིག་དང་ལྷན་མཇལ་འཕྲད་གནང་ཡོད།
གསར་འགོད་པའི་དྲི་བར་ཟུར་དུ་བཀའ་ལན་གནང་སྐབས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ད་ལན་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་ཕྱི་རྒྱལ་གཞུང་ཚབ་ཆེན་མོ་སོགས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་དང་། བོད་ཀྱི་རྩ་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཐོབ་རྒྱུར་ཐེངས་འདིའི་ལས་རིམ་དེ་བཞིན་ཧ་ཅང་གི་གྲུབ་འབྲས་དང་ལྡན་པ་བྱུང་ཡོད་སྐོར་གསུངས་འདུག
གཞན་ཡང་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་གྱི་གྲོས་ཚོགས་དང་། སྲིད་དོན་ཚོགས་པ་ཁག་གི་ལས་ཁུངས་སུ་ཆེད་ཕེབས་གནང་སྟེ། གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་ཡོད་པ་བཅས། །