བཀའ་ཤག་སྐབས་ ༡༤ པའི་བཀའ་བློན་གཞན་རྣམས་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་བ།

བཀའ་བློན་ཁྲི་པས་བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་བཞིན། སྤྱི་ལྷན་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་  ༢ པའི་ཐོག་བཀའ་བློན་གྱི་འོས་དམིགས་དྲུག་གི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྙན་སྒྲོན་ཞུས་པར། གྲོས་ཚོགས་སུ་འོགས་དམིགས་རེ་རེ་བཞིན་སྤྱི་མོས་ཀྱིས་འདེམས་ཐོན་བྱུང་ཡོད་པ་རེད།

འདེམས་ཐོན་བཀའ་བློན་རྣམ་པ་གཤམ་གསལ་ལྟར།

༡༽   མཚན།          འབྲོང་ཆུང་དངོས་གྲུབ།
འཁྲུངས་ལོ།        ༡༩༥༦
ད་ལྟའི་བཞུགས་ཡུལ།  མེ་གྷན། དྷ་རྨ་ཤཱ་ལཱ།
ད་ལྟའི་ཕྱག་ལས།    བཀའ་བློན་ཟུར་འཕྲལ།
ལོ་རྒྱུས་སྙིང་བསྡུས།   B.A. ཐོན་རྗེས་ ༡༩༧༧ ནས་གཞུང་ཞབས་ཞུས་ཏེ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག་ ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

༢༽   མཚན།          ཚེ་རིང་དོན་གྲུབ།
འཁྲུངས་ལོ།        ༡༩༦༠
ད་ལྟའི་བཞུགས་ཡུལ།  གངས་ཅན་སྐྱིད་གཤོངས། དྷ་རྨ་ཤཱ་ལཱ།
ད་ལྟའི་ཕྱག་ལས།    བཀའ་བློན་ཟུར་འཕྲལ།
ལོ་རྒྱུས་སྙིང་བསྡུས།   M. Com ཐོན་རྗེས་ ༡༩༨༤ ནས་གཞུང་ཞབས་ཞུས་ཏེ་ ༢༠༠༠ ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ནང་སྲིད་དྲུང་ཆེ་གནང༌། ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་ཡོད།

༣༽   མཚན།           པདྨ་ཆོས་འབྱོར།
འཁྲུངས་ལོ།        ༡༩༤༥
ད་ལྟའི་བཞུགས་ཡུལ།  ཨ་རི་ཀ་ལི་ཕོར་ནིཡ།
ད་ལྟའི་ཕྱག་ལས།    བཀའ་བློན་ཟུར་པ།
ལོ་རྒྱུས་སྙིང་བསྡུས།   ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་རྗེས་ ༡༩༦༤ ནས་ ༡༩༨༤ བར་ཅན་དྷི་གྷར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤ་ཡའི་རིག་གནས་སྡེ་ཚན་ནང་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཁྲིད་གནང༌། ༡༩༧༢ ལོར་ཅན་དྷི་གྷར་ས་གནས་གཞོན་ནུ་གསར་འཛུགས་ཀྱིས་སྐབས་བཞི་རིང་ས་གནས་ཚོགས་གཙོ་དང༌། ༡༩༧༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས། ༡༩༩༢ དང་   ༡༩༩༦ ལོར་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན། ༡༩༩༧ ནས་ ༢༠༠༡ བར་སྐབས་བཅུ་གཅིག་པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཅས་བཞེས་ཡོད།

༤༽   མཚན། རྒྱ་རི་སྒྲོལ་མ། འཁྲུངས་ལོ། ༡༩༦༤
ད་ལྟའི་བཞུགས་ཡུལ།  དིལླིའ་གསར་པ།
ད་ལྟའི་ཕྱག་ལས།    སྤྱི་འཐུས་ཚོགས་གཞོན་ཟུར་འཕྲལ།
ལོ་རྒྱུས་སྙིང་བསྡུས།   ༡༩༨༤ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཚན་གྱི་འགན་འཁུར་བ་བསྐོ་གཞག་དང༌། ༡༩༨༦ ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུས་ལས་པར་འོས་འདེམས་ཐོག་རིག་གཞུང་འགན་འཛིན། ༡༩༨༩ ལོར་བསྐྱར་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཀྱིས་དྲིལ་བསྒྲགས་འགན་འཛིན་དང་དེའི་རྗེས་ཟུང་འབྲེལ་དྲུང་ཆེའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༡ ༡༩༩༦ ༢༠༠༡ ༢༠༠༦ བཅས་བསྟུད་མར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་ ༣ རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་མཛད་འགན་བཅས་བཞེས་ཡོད།

༥༽   མཚན།          བདེ་སྐྱིད་ཆོས་དབྱངས།
འཁྲུངས་ལོ།        ༡༩༦༦
ད་ལྟའི་བཞུགས་ཡུལ།  མོན་ཀྲེ་ཡོལ། ཁེ་ན་ཌ།
ད་ལྟའི་ཕྱག་ལས།    ཨ་རིའི་སྤྱི་འཐུས་ལས་ཐོག
ལོ་རྒྱུས་སྙིང་བསྡུས།   ཕྱི་ལོ་ ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང༌། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་  M.A. ཐོན་རྗེས་ ༡༩༩༠    ལོར་བོད་མི་ཨ་རིར་ (Connecticut, USA)  གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང༌། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང༌། Pepperidge  Farm Inc.དང་ Canada World Youth ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ད་ལྟའི་ཆར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠།༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན།

༦༽   མཚན། ཚེ་རིང་དབང་ཕྱུག
འཁྲུངས་ལོ། ༡༩༧༤
ད་ལྟའི་བཞུགས་ཡུལ།  སྦེལ་ཀོབ་བོད་མིའི་གཞིས་སྒར།
ད་ལྟའི་ཕྱག་ལས།    སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ཕྱི་ལུགས་སྨན་པ།
ལོ་རྒྱུས་སྙིང་བསྡུས།   ༡༩༩༣ ལོར་གཞིས་རིམ་སློབ་ཐོན་རྗེས་ ༡༩༩༤ ལོར་ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་འདེམས་ཐོན་བྱུང་སྟེ་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་དང༌། ཟབ་སྦྱོང༌། ཉམས་མྱོང་བཅས་མཐར་ཕྱིན་ནས་ ༢༠༠༣ ལོར་ཆེ་བསྟོད་ལག་འཁྱེར་ཐོབ། སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་༢༠༠༣ ནས་ ༢༠༠༨ བར་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང༌། ༢༠༠༨ ནས་ ༢༠༠༩  བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས། ༢༠༠༩ ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཅས་ཞུ་མུས་ཡིན།

Menu