བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸སྐུའི་གཅུང་མོ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་པའི་སྤྱི་ཚོགས་སྤྱི་དང་། བྱེ་བྲག་ཏུ་བོད་ཕྲུག་རྣམས་ལ་གནའ་དེང་གི་ཤེས་ཡོན་སྦྱོར་སྤྲོད་གནང་བ་སོགས་ཀྱི་ཞབས་འདེགས་གཟེངས་སུ་ཐོན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས་པར། ཨིན་ཡུལ་ནང་པའི་ཚོགས་པ་ནས་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་ (Christmas Humphreys Award) ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་འདུག

སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་སྲིད་ཚབ་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་མཆོག སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་མཆོག སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རྣམ་པ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། ཨིན་ཡུལ་ནང་པའི་ཚོགས་པའི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་ (Dr. Desmond Biddulph CBE) མཆོག ཨིན་ཡུལ་ནང་པའི་ཚོགས་པའི་སློབ་སྟོན་པ་ལྕམ་སྐུ་ཌར་སི་ བྷི་ཌལ་ཕེ་ (Mrs. Darcy Biddulph) ལགས།  ཨིན་ཡུལ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་མཆོག་གི་ཚ་བོ་ཨར་ལོ་ ཨི་ཝན་ བྷི་ཌལ་ཕེ་ (Arlo Ivan Biddulph) ལགས། ཨིན་ཡུལ་ནང་པའི་ཚོགས་པའི་དཔེ་མཛོད་དོ་དམ་པ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དབང་འདུས་ཚེ་རིང་ལགས། བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་རྒན་བསོད་ནམས་སྲི་གཅོད་ལགས་ཀྱིས་གཙོས་པའི་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་དང་། བོད་ཁྱིམ་སློབ་གྲྭ་ཁག་གི་ལས་སྣེ་རྣམ་པ་སོགས་ཕེབས་འདུག

དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་འབྲེལ་བོད་ཁྱིམ་སློབ་གྲྭའི་གལ་གནད་སྐོར་ལ་གསུངས་ཤིང་། དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་བོད་ཁྱིམ་སློབ་གྲྭའི་བཀའ་དྲིན་འོག་ཕྱི་ལོ་ ༡༩༦༠ ནང་འཚར་ལོངས་བྱུང་བའི་སློབ་ཕྲུག་སྔ་ཤོས་གྲས་ཡིན་གནས་དང་། བསྟི་གནས་འདི་བཞིན་སློབ་གྲྭ་ཙམ་མ་ཡིན་པར། སོ་སོའི་ཁྱིམ་ཚང་ལྟ་བུ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག

དེ་ཡང་བོད་ཁྱིམ་སློབ་གྲྭའི་ཐོག་ནས་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག ཉམ་ཐག་སོགས་དཀའ་ངལ་ཅན་གྱི་ཕྲུ་གུ་རྣམས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་དགོས་མཁོ་ཆེ་ཤོས་རྣམས་ལ་སྡོད་གནས་དང་། ཤེས་ཡོན། གཅེས་སྐྱོང་སོགས་ཀྱི་མཐུན་འགྱུར་སྦྱོར་སྤྲོད་གནང་གི་ཡོད་པ་རེད། བོད་པའི་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་བོད་ཁྱིམ་སློབ་གྲྭར་བཏང་བ་དེ་ཤེས་ཡོན་གྱི་གོ་སྐབས་ཙམ་མ་ཡིན་པར། དེ་ལས་ལྷག་པའི་རེ་བ་ཞིག་བཅོལ་གྱི་ཡོད་ཅིང་། དེ་ཡང་ཁོང་རྣམ་པས་སོ་སོའི་ཕྲུ་གུས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་སློབ་གཉེར་དང་། དེ་ནས་ཤེས་ཡོན་དང་། བཟང་སྤྱོད་ཀྱི་རིན་ཐང་གང་ཐོབ་པ་རྣམས་ཕྱིས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དང་། ཉིན་ཞིག་བོད་ནང་ལའང་ནུས་པ་འདོན་ཐུབ་པའི་རེ་བ་བྱེད་བཞིན་ཡོད།  བོད་ཁྱིམ་སློབ་གྲྭའི་འབོད་ཚིག་ནི་ “རང་ལས་གཞན་གཅེས།” ཡིན་པ་ལྟར། ཨ་མ་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེ་དང་། ཞབས་ཞུའི་མཛད་རྗེས་གཙོ་བོ་ཡང་འབོད་ཚིག་དེ་རང་མཚོན་གྱི་ཡོད་པ་དང་། ཨ་མ་ལགས་ཀྱིས་རྒྱུན་ཏུ་ནས་རང་ཉིད་ཀྱི་དགོས་མཁོ་ལས་སློབ་ཕྲུག་གི་དགོས་མཁོ་དང་བདེ་དོན། དེ་བཞིན་བོད་ཁྱིམ་སློབ་གྲྭའི་ལས་དོན་བཅས་ལ་གཙིགས་ཆེ་བར་གནང་གི་ཡོད་པར་ངོས་འཛིན་ཞུ་ཡི་ཡོད། སྤྱི་པའི་ལས་དོན་དང་། མིག་དཔེར་འོས་པའི་ཕྱག་ལས་ཀྱི་ཐོག་ནས་ཁོང་གི་ལྷག་བསམ་གསལ་པོར་བསྟན་གྱི་ཡོད་ཅིང་། ཁོང་ཉིད་ཀྱི་ཕྲུ་གུ་ཡང་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་གཞན་ལྟར་གཅིག་མཚུངས་ཀྱིས་གཟིགས་རྟོག་དང་། འགན་ཁུར་ཡང་འདྲ་མཉམ་ཁུར་རྒྱུའི་རེ་བ་དང་འབད་བརྩོན་གནང་ཡོད།

གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་དང་། དེ་ནས་དགེ་རྒན་གནང་མྱོང་བའི་ཐོག་ནས་སྒེར་གྱི་ཉམས་མྱོང་སྐོར་གསུངས་ཤིང་། དེ་ཡང་བོད་ཁྱིམ་སློབ་གྲྭའི་ཐོག་ནས་ཤེས་ཡོན་ཙམ་མ་ཡིན་པར། མི་ཚེའི་ནང་འགན་ཁུར་དང་། རང་ཁྲིམས། ཞི་དུལ། བྱམས་བརྩེ་སོགས་ཀྱི་གལ་ཆེའི་རིན་ཐང་མང་པོ་ཞིག་རང་ཉིད་ཀྱི་རྒྱུད་ལ་འཇགས་རྒྱུར་ཕན་ཐོགས་བྱུང་སྐོར་དང་། ཁོང་གི་ཕྲུ་གུ་གསུམ་ཀ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཟུར་པ་ཡིན་པ་སོགས་བསྟི་གནས་འདིས་མི་རབས་རིམ་པར་ཤུགས་རྐྱེན་ཐེབས་པའི་སྐོར་ལ་གསུངས་པ་དང་། དེ་བཞིན་བོད་ཁྱིམ་སློབ་གྲྭར་བཟང་སྤྱོད་ཀྱི་རིན་ཐང་སློབ་སྤེལ་གནང་བ་དེ་དག་གིས་བོད་མིའི་སྤྱི་ཚོགས་ཀྱི་རྒྱ་ལས་བརྒལ་ཏེ་སྤྱི་ཡོངས་ཀྱི་འགྲོ་བ་མིའི་རིན་ཐང་སྐོར་ལ་སློབ་སྤེལ་གནང་གི་ཡོད་པ་དེ་དག་གིས། ཞི་བདེ་དང་། བྱམས་བརྩེ། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་གལ་གནད་ཆེན་པོ་ཡིན་སྐོར་གསུངས་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་སྔ་ཨ་མ་ལགས་ལ་གངས་ཅན་བོད་ཀྱི་ཨ་མ་ཞེས་པའི་མཚན་བསྟོད་ཕུལ་ཡོད་པ་དང་། མཚན་བསྟོད་དེར་དོན་སྙིང་ཆེན་པོ་ལྡན་ཞིང་། དེ་ཡང་ཨ་མ་ཞིག་གིས་ཕྲུ་གུར་ཟས་གོས་གནས་མལ་དང་གཅེས་སྐྱོང་ཙམ་མ་ཡིན་པར། ལམ་སྟོན་དང་། རིན་ཐང་། སྐུལ་ལྕག མ་འོངས་པའི་རེ་བ་སྤྲོད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་དང་། ད་ལན་ཨིན་ཡུལ་ནང་པའི་ཚོགས་པས་མི་རབས་མང་པོའི་ཕྲུ་གུའི་མི་ཚེར་ཤུགས་རྐྱེན་དང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཞིག་གི་མཛད་རྗེས་ལ་ངོས་འཛིན་ཆེ་བསྟོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཆེ་བསྟོད་དེ་ནི་སྐུ་ཚེ་ཧྲིལ་པོར་བྱམས་བརྩེ་དང་། ཤེས་ཡོན། ཞབས་ཞུ། གཞན་གྱི་བདེ་དོན་ཆེད་བློས་གཏོང་གནང་མཁན་ཨ་མ་ལགས་ལྟ་བུ་ཞིག་ལ་ཤིན་ཏུ་འོས་ཤིང་འཚམས་པའི་ཆེ་བསྟོད་ཅིག་ཆགས་ཡོད། དེ་རིང་གི་ཆེ་བསྟོད་དེ་བཞིན་ཨ་མ་ལགས་ཀྱི་ཞབས་ཞུ་གཟེངས་སུ་ཐོན་པར་དྲན་གསོ་ཙམ་མ་ཡིན་པར། བསྟི་གནས་འདི་ནས་སོ་སོའི་མི་ཚེར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་གཞོན་སྐྱེས་རྣམས་ལའང་ཆེ་མཐོང་ངོས་འཛིན་གནང་བ་ཞིག་མཚོན་གྱི་ཡོད། དེ་ཡང་རྒྱ་གར་ཁྱོན་ཡོངས་ནང་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཁག་གི་དགེ་རྒན་དང་། ལས་བྱེད། སྨན་པ། སྨན་ཞབས་པ་སོགས་ལས་བྱེད་མང་པོ་ཞིག་གིས་བོད་ཕྲུག་ཚོར་བལྟ་སྐྱོང་དང་། སློབ་ཕྲུག་གི་བདེ་དོན་ཆེད་དུ་བློས་གཏོང་ཆེན་པོ་བཏང་སྟེ། མ་འོངས་པའི་བོད་མིའི་སྤྱི་ཚོགས་ནུས་པ་ལྡན་པ་ཞིག་དང་བཟང་པོ་ཞིག་བསྐྲུན་རྒྱུར་ཕན་གྲོགས་ཆེན་པོ་བྱས་ཡོད།

བོད་ཁྱིམ་སློབ་གྲྭའི་ནང་ཞབས་ཞུ་གནང་རྒྱུའི་གོ་སྐབས་བྱུང་བ་ཡོངས་དང་། བོད་མིའི་སྤྱི་ཚོགས་ནང་མུ་མཐུད་ཞབས་ཞུ་གནང་མཁན་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་བཅས་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་བསྔགས་བརྗོད་དང་འབྲེལ་གསུངས་དོན། ཨ་མ་ལགས་ལ་ཆེ་བསྟོད་ཡག་ཤོས་དེ། ཁོང་གི་ཆེ་བསྟོད་ལ་དགའ་བསུ་ཞུ་རྒྱུ་ཙམ་མ་ཡིན་པར། ཁོང་གི་མཛད་ཕྱོགས་ལ་མིག་དཔེར་བལྟས་ནས་རྗེས་སུ་འཇུག་རྒྱུ་དང་། རང་ཉིད་ཀྱི་ཞབས་ཞུའི་བརྒྱུད་རིམ་ནང་ཨ་མ་ལགས་ལ་མིག་དཔེར་བལྟས་ནས་བྱམས་བརྩེ་དང་། ལྷག་བསམ་རྣམ་དག རང་ལས་གཞན་གཅེས་པའི་ཐོག་འབད་བརྩོན་གནང་ནས་མདུན་བསྐྱོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ། ཨ་མ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་ཕྲུག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་གནང་བར་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་དང་།  ཨ་མ་ལགས་ནི་ཤེས་ཡོན་པ་དང་། ཕྲུ་གུ་ལྟ་སྐྱོང་བའི་ངོ་བོ་ཙམ་མ་ཡིན་པར། ‘རང་ལས་གཞན་གཅེས།’ ཞེས་པའི་རྩ་དོན་རྒྱུན་འཁྱོངས་གནང་མཁན་མིག་དཔེར་འོས་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ད་ལན་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་ (Christmas Humphreys Award) ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དེས། ཨ་མ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་ཞབས་ཞུ་དང་། ཤེས་ཡོན། བྱམས་བརྩེ། མ་འོངས་པའི་མི་རབས་གསར་པ་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་བློས་གཏོང་གནང་བའི་མཛད་འཕྲིན་ལ་གལ་ཆེའི་ཆེ་བསྟོད་གནང་བ་ཞིག་མཚོན་གྱི་ཡོད་པ་རེད་ཅེས་གསུངས་འདུག

གཞན་ཡང་མཛད་སྒོའི་ཐོག་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་ནས་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་དང་། ཨིན་ཡུལ་ནང་པའི་ཚོགས་པའི་ཚོགས་གཙོ་སྨན་པ་ཌེ་སི་མོན་ཌ་ བྷི་ཌལ་ཕེ་མཆོག་གིས་གཟེངས་རྟགས་ངོ་སྤྲོད་དང་འབྲེལ། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་ཁེ་རི་སི་མཱ་སི་ ཧམ་ཕི་རེ་སི་ཆེ་བསྟོད་གཟེངས་རྟགས་ཕུལ་བ་དང་། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་གཟེངས་རྟགས་ཞལ་བཞེས་ཀྱི་གསུང་བཤད་དང་། ཆེ་བསྟོད་སྐུ་མགྲོན་དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་གིས་གསུང་བཤད་སོགས་གནང་འདུག་པ་བཅས།