བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར།

སྔོན་གླེང༌།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་དགུང་གྲངས་ ༨༢ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དམ་པ་ཁོང་ནི་ཕྱི་ལོ་ ༡༩༢༩ ལོར་མདོ་སྟོད་འབྲི་ཆུ་ཤར་རྒྱུད་སྡེ་དགེའི་ཁོངས་རྨེ་ཤོད་དུ་སྡེ་དགེ་ཚང་གི་མདུན་འཁོར་འཇུ་ཆེན་ཚང་དུ་སྐུ་འཁྲུངས་པ་དང༌།  ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་གཏུགས་ཀྱིས་བོད་ཡིག་འབྲི་དག་གི་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང༌། ཕྱི་ལོ་ ༡༩༥༥ ལོའི་བོད་ཟླ་ ༡༡ ནང་རྒྱ་དམར་ནས་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཞེས་མིང་དོན་དངོས་འགལ་གྱི་ལས་འགུལ་དང་པོ་སྤེལ་བར་བརྟེན། ཁོང་ནས་བོད་གཞུང་ས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྒེར་ལངས་དོན་ལྡན་དུ་འགྱུར་སླད་མཚོན་ཆ་དང༌། དམག་གི་གྲ་སྒྲིག་འཕྲལ་མྱུར་ཡོང་ཐབས་ཞུས་པ་དང༌།  དེ་བཞིན་ཆབ་སྲིད་ཀྱི་སྲིད་བྱུས་མཛད་ཕྱོགས་ཇི་ཡིན་དྲི་ཞུ་དང་འབྲེལ་བྱེད་སྒོའི་སློབ་སྟོན་ཞུ་བ་དང་ཆུ་སྒང་གི་སྒེར་སྐོར་གནས་ཚུལ་ཤེས་རྟོགས་བཅས་ཀྱི་སླད་སྔ་ཕྱི་ལན་གྲངས་ལྔ་ཙམ་སྐུ་ཚབ་ཏུ་མངགས་པ་ལྟར་ལྷ་སར་ཕེབས་ཡོད།

ཕྱི་ལོ་ ༡༩༥༩ ལོར་ལྷ་སར་རང་དབང་སྒེར་ལངས་བྱུང་སྐབས་ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་ཡོད་ཀྱི་འགོ་ཁྲིད་གནང་བ་དང༌།  ྋགོང་ས་མཆོག་ནོར་གླིང་ནས་ཆིབས་བསྒྱུར་བསྐྱངས་པའི་ཕྱི་ཉིན་དེར་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་རྒྱ་དམར་ནས་ཕེབས་ལམ་རྗེས་འདེད་ཡོང་ཉེན་བཀག་འགོག་ཆེད་གཏོང་གནང་ལྟར་ར་མ་གྲུ་ཁར་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིང་དང༌། དེ་ནས་ས་གནས་ཁག་མང་ཞིག་ལ་རྒྱ་དམག་དང་འཐབ་འཛིང་ལན་མང་གནང་མཐར་རྨ་སྒོ་ལ་བརྒྱུད་རྒྱ་གར་ནང་ཕེབས་བྱོལ་ཐུབ་ནས་མི་ས་མ་རི་དང་ཀ་སྦུག་ཏུ་བཞུགས།

ཕྱི་ལོ་ ༡༩༦༠ ལོར་མའེ་སོར་གཞིས་ཆགས་སུ་ཕེབས་ཏེ་དེར་བཅུ་དཔོན་དང་མི་མང་འཐུས་མི་གནང༌།  ཕྱི་ལོ་ ༡༩༦༣ ལོ་ནས་རྡོར་གླིང་ཁུལ་དུ་བཞུགས།  ཕྱི་ལོ་ ༡༩༦༥ ལོར་མའེ་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང་མཉམ་འབྲེལ་ཚོགས་མི་ལོ་དགུ་གནང༌།  ཕྱི་ལོ་ ༡༩༧༢ ལོར་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས།

ཕྱི་ལོ་ ༡༩༧༦ ལོའི་ཟླ་ ༥ ཚེས་ ༡༡ ཉིན་དྲིལ་བསྒྲགས་བཀའ་བློན་དུ་བསྐོ་གཞག་གནང༌།  དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་ཁུར་བཞེས། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། ལོ་དེ་གའི་ནང་རྒྱུན་བཞུགས་བཀའ་བློན་ཡིན་མུས་ཁར་ཤེས་རིག་བཀའ་བློན་དུ་བསྐོ་བསྩལ་ལྟར་ཕྱི་ལོ་ ༡༩༨༠ ཟླ་ ༨ ཚེས་ ༢༤ ནས་ ༡༩༨༥ ཟླ་ ༡ བར་དང༌། དེ་རྗེས་བཀའ་བློན་ཁྲི་པ་ཡིན་མུས་ཁར་ཕྱི་ལོ་ ༡༩༨༧ ཟླ་ ༩ ནས་ ༡༩༨༨ ཟླ་ ༡༡ བར་བཅས་ཤེས་རིག་བཀའ་བློན་གྱི་མཛད་ཁུར་ཐེངས་གཉིས་བཞེས། ༡༩༨༢ ལོར་ཡང་བསྐྱར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ཕྱི་ལོ་༡༩༨༣ ཟླ་ ༣ ཚེས་ ༡༡ ཉིན་ནས་ཆོས་དོན་དང་ནང་སྲིད་བཀའ་བློན་བཅས་འཕར་སྣོན་དུ་བསྐོ་བསྩལ་ལྟར་ཕྱག་ལས་གནང༌། དེ་རྗེས་ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་ནག་ཏུ་འབྲེལ་མཐུན་ཉམས་ཞིབ་ལས་དོན་མཇུག་སྐྱོང་ཆེད་སྐུ་ཚབ་མི་གསུམ་བཏང་བའི་གཙོ་བོར་ཕེབས། ཕྱི་ལོ་ ༡༩༨༣ ནས་བཟུང་བཀའ་བློན་ཁྲི་པའི་འགན་ཁུར་ལོ་བརྒྱད་བཞེས་པ་བཅས་མདོར་ན་སྔ་རྗེས་སུ་བཀའ་བློན་གྱི་མཛད་ཁུར་ཁོ་ན་ལོ་ངོ་ ༡༥ བཞེས་མྱོང་ཡོད་ལ།  ལས་ཡུན་དེའི་རིང་ཤེས་རིག་ལས་དོན་བོད་སློབ་འཛིན་སྐྱོང་ཚོགས་པའི་ཚོགས་མི་དང༌། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་ཟློས་གར་ཚོགས་པའི་འགན་ལྷན་ཚོགས་གཙོ། མ་སུ་རི་བོད་ཁྱིམ་དང་རྡ་ས་བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་དང༌། གཞན་ཡང་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང༌།  ཆེས་མཐོའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱི་ཐུགས་འགན་བཞེས་ཡོད་པ་སོགས་བོད་སྤྱིའི་རྩ་དོན་དང་ᨊགོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྟན་སྲིད་སྤྱི་སྨན་གྱི་མཛད་འགན་རྒྱ་ཆེར་བཞེས་མྱོང་ཡོད།   མདོར་ན་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།

གྲོས་ཆོད།

སྐུ་གཤེགས་དེ་ཉིད་ཀྱི་རླབས་ཆེན་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌།  དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང༌།  ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་  ༡༦  ལ།།

 

གྲོས་འཆར་འདོན་མཁན་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས།

Menu