༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་རྡ་སར་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས། མདོ་སྨད་ཆོལ་ཁའི་སྒྲིག་འཛུགས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་། ས་གནས་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ཁག་དྲུག་ཐུན་མོང་གི་གོ་སྒྲིག་འོག་རྡ་ས་མེག་གྷན་ཡོངས་གླིང་སློབ་གྲྭར་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་ཟུར་པ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་ (Shri Vijay Singh Mankotia, Former Tourism Minister of Himachal Pradesh) མཆོག དམིགས་བསལ་སྐུ་མགྲོན་གནས་ཆུང་སྐུ་རྟེན་མཆོག གཞན་ཡང་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ། ས་གནས་མི་མང་བཅས་ཚང་འཛོམས་ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་།
དེ་ནས་རིམ་པས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ། དམིགས་བསལ་སྐུ་མགྲོན་གནས་ཆུང་སྐུ་རྟེན་མཆོག་གིས་བཀའ་བློན་ཁྲི་ཟུར་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་པར་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་སོང་།
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་མགྲོན་ཡོངས་ལ་ཐོག་མར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྒེར་ངོས་ནས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འདིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དྲུག་གིས་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་མཛད་སྒོ་ཞིག་གོ་སྒྲིག་གནང་བ་དང་། དེ་བཞིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་གདན་འདྲེན་ཞུས་ཐུབ་པ། གནད་ཡོད་མི་སྣས་གཙོས་པའི་མི་མང་མང་པོ་ཞིག་མཉམ་ཞུགས་གནང་འདུག་པར་སྙིང་ནས་དགའ་བསུ་ཞུ་རྒྱུ་ཡིན།
སྤྱིར་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་ལྟ་བུར་མཚོན་པ་ཡིན་ན། ད་ལྟ་གོང་དུ་གསུངས་པ་གཞིར་བཟུང་རེད། ང་ཚོས་རྒྱ་ཆེན་པོ་ཞེ་པོ་ཞིག་བཤད་ཐུབ་ཐབས་མེད་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་རེེད། རིན་པོ་ཆེ་སྐུ་འཁྲུངས་པ་ནས་བཟུང་ཡར་དབུས་ཕྱོགས་ལ་ཕེབས་ནས་གདན་ས་འབྲས་སྤུངས་ལ་སློབ་གཉེར་གནང་། ཕྱིས་སུ་བོད་ལ་དུས་འགྱུར་བྱུང་རྗེས་༧སྐྱབས་མགོན་རིན་པོ་ཆེའི་ཞབས་ཀྱི་རྗེས་སུ་འབྲངས་ནས་བཙན་བྱོལ་དུ་ཕེབས་གནང་ཡོད། བཙན་བྱོལ་ནང་ཕྱི་ལོ་ ༡༩༦༡ ནས་བཟུང་སྟེ། ང་ཚོའི་གཏན་སློབ་ཁག་གི་སློབ་སྤྱི་གནང་བ་དང་། ཆོས་དགེ་གནང་བ། ལྷག་པར་དུ་ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ནང་ལོ་མང་རིང་འགན་ཁུར་བཞེས་ཏེ་དེང་གི་དུས་སུ་མཐོ་སློབ་ཀྱི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་བཟོས་གནང་བ་ཙམ་མ་ཟད། མཐོ་སློབ་དེ་ནས་སློབ་ཐོན་གནང་མཁན་སྐྱེས་པ་ཕོ་མོ་མང་པོ་ཞིག་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལམ་སྟོན་གནང་མཁན་དང་འགོ་འཁྲིད་གནང་མཁན་ཆགས་བསྡད་ཡོད་རེད། དེ་དག་གཙོ་བོ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་དུས་ང་ཚོས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་དང་། ལྷག་པར་དུ་ང་རང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དང་། སྐད་ཡིག ཆོས་ཕྱོགས་བཅས་ལ་བསམ་བློ་བཏང་བ་ཡིན་ན། རིན་པོ་ཆེས་དངོས་གནས་ཀྱི་མཛད་རྗེས་བླ་ན་མེད་པ་བསྐྱངས་ཡོད། དེ་གཞིར་བཟུང་། ད་ལྟའི་སྤྱི་ཚོགས་རེད། མ་འོངས་པའི་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ལོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཐུགས་ཕན་གསོ་ཐུབ་པའི་ལམ་སྟོན་བླ་ན་མེད་པ་མང་པོ་ཞིག་ཕེབས་གནང་ཡོད་རེད། དེ་ཚོའི་གྲས་དེ་རིང་འཁྲུངས་སྐར་གྱི་གོ་སྐབས་འདི་བརྒྱུད་ནས་སོ་སོའི་ངོས་ནས་རིན་པོ་ཆེས་ལམ་སྟོན་གང་གནང་བ་དང་། དགོངས་གཞི་གང་ཡོད་པ་དེ་ཚོར་སློབ་སྦྱོང་བྱས་ནས་མུ་མཐུད་དེ་རྒྱུན་འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་རྒྱུ་ཡིན།
བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ཙམ་མ་ཡིན་པར། བོད་ཀྱི་བསྟན་སྲིད་ཉག་ཕྲ་བའི་ད་ལྟའི་གནས་སྐབས་སུ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐོག་ལའང་ཐུགས་འགན་རིམ་པར་བཞེས་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༧༠ ནས་འགོ་འཛུགས་ཏེ། ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་བ་དང་། རིམ་པས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ཐུགས་འགན་བཞེས་པ། དེ་བཞིན་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཐོག་མར་ཝཱ་ར་ཎ་སི་ནས་འགོ་འཛུགས་ཡོང་དུས་རིན་པོ་ཆེས་མཉམ་ཞུགས་གནང་བ་མ་ཟད། ལམ་སྟོན་བླ་ན་མེད་པ་གནང་བ་ལ་བརྟེན་ནས་ད་ལྟའི་དུས་སྐབས་སུ་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་ཐུགས་ཕན་གསོས་ཀྱི་ཡོད་རེད། དེ་བཞིན་ཕྱི་ལོ་ ༡༩༩༠ ནང་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་སྐབས་སུ་ཐད་བསྐོས་སྤྱི་འཐུས་ཐོག་ནས་ཚོགས་གཙོ་འོས་འདེམས་སྤྱི་མོས་བྱུང་ཡོད། དེ་བཞིན་ ༡༩༩༦ ལོར་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་སུ་ཕེབས་ནས་ཚོགས་གཙོའི་མཛད་འགན་བཞེས་གནང་ཡོད། སྐབས་དེའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལྟ་བུར་ཆ་མཚོན་པ་ཡིན་ན། ཁྲིམས་ལུགས་ཀྱི་དབང་སྒྱུར་ཐོག་ནས་ཁྲིམས་སྒྲིག་གཞི་མང་པོ་ཞིག་གཏན་འབེབས་གནང་ཐུབ་ཡོད། དེ་བཞིན་སྐབས་དེ་དུས་ང་ཚོ་བོད་གཞུང་རེད། ད་ལྟའི་དུས་ཚོད་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ཚོ་ཁྲིམས་ཀྱི་དབང་སྒྱུར་ཐོག་ནས་འགྲོ་ཐུབ་པ་དེ་དག་གཙོ་བོ་རིན་པོ་ཆེའི་ཐུགས་རྗེ་དང་། ཁོང་གི་རླབས་ཆེན་གྱི་རྣམ་དཔྱོད་སོགས་ལ་བརྟེན་ནས་བྱུང་བ་ཡིན་དུས་ང་ཚོའི་ངོས་ནས་ད་ལྟའི་དུས་ཚོད་ལ་གྲོས་ཚོགས་ཀྱི་འགྲོ་སྟངས་རེད། དེ་ཚོའི་གྲས་སློབ་སྦྱོང་བྱེད་བསྡད་ཀྱི་ཡོད་རེད། རྣམ་པ་ཚོའི་ངོས་ནས་ཀྱང་དེ་ཚོའི་གྲས་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་སུ་ཡིན་ནའང་འདྲ། དུས་རྒྱུན་དུ་གཙོ་བོ་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོ་ཞེས་པའི་བསམ་བློའི་ལྟ་གྲུབ་གཞིར་བཞག་ནས་ཕྱག་ལས་གནང་གི་རེད། དེ་བཞིན་ ༢༠༠༡ དང་། ༢༠༠༦། བཅས་སོ་སོར་བཀའ་ཤག་སྐབས་བཅུ་གཉིས་པ་དང་། སྐབས་བཅུ་གསུམ་པ་སྔ་རྗེས་ཀྱི་བཀའ་བློན་ཁྲི་པའི་མཛད་འགན་བཞེས་ནས་དེ་འདྲའི་ལྟ་གྲུབ་གཞི་ལ་བཞག་ནས་གཙོ་བོ་རིན་པོ་ཆེས་མང་གཙོ་ཟེར་བ་དེར་ཐོབ་ཐང་གཅིག་དང་། ལས་འགན་བཅས་གཉིས་ཡོད་པ་དང་། དེ་ཡང་ཉག་ཕྲ་བའི་ཛ་དྲག་གནས་སྐབས་སུ་གཙོ་བོ་ཐོབ་ཐང་ཏོག་ཙམ་ཟུར་ལ་བཞག་ནས་ལས་འགན་དེ་གལ་ཆེ་བ་བརྩིས་དགོས་པའི་བཀའ་སློབ་དེ་འདྲ་ཕེབས་ཡོད་རེད། དེ་ཡིན་དུས་ང་ཚོའི་སྤྱི་ཚོགས་ནང་མཚམས་རེ་དཀའ་ངལ་དེ་འདྲ་ཡོང་གི་ཡོད་རེད། དེའི་སྐབས་རིན་པོ་ཆེས་གནང་བའི་བཀའ་སློབ་དེ་ཚོ་དྲན་ནས་ང་རང་ཚོས་ཕྱོགས་ཡོངས་ནས་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་རེད། བོད་མིའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་གྱི་ནུས་པ་རེད། གཙོ་བོ་རིན་པོ་ཆེའི་བཀའ་དགོངས་གཞིར་བཞག་ནས་ཉམས་ལེན་ཞུ་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག
དེ་བཞིན་རིན་པོ་ཆེས་ད་ལྟའི་བར་དུ་༧སྐྱབས་མགོན་རིན་པོ་ཆེའི་ཉེ་འཁྲིས་སུ་བཞུགས་ནས་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གང་ཡིན་པ་དེའི་ཐོག་ཤར་བསྐྱོད་གནང་ནས་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར། སྤྱི་ཚོགས་གཞན་དང་གཞན་ལའང་ཤེས་ཡོན་དང་འབྲེལ་བའི་ཐོག་ཡིན་ནའང་འདྲ། ཆབ་སྲིད་དང་འབྲེལ་བའི་ཐོག་ཡིན་ནའང་འདྲ། མང་གཙོའི་སློབ་གསོ་དང་འབྲེལ་བའི་ཐོག་ཡིན་ནའང་འདྲ། རིན་པོ་ཆེས་བཀའ་སློབ་ལམ་སྟོན་དང་གསུང་བཤད་མང་པོ་ཕེབས་གནང་ཡོད་རེད། དེ་ཚོའི་གྲས་ང་ཚོས་དུས་ནས་དུས་སུ་སློབ་སྦྱོང་གནང་དགོས་པ་དང་། ཉམས་ལེན་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
ལྷག་པར་དུ་གོང་དུ་༧སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་མཆོག་གིས་གསུངས་པ་ནང་བཞིན་རེད། ད་ལྟའི་དུས་སྐབས་ལ་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆེན་པོ་ཆགས་བསྡད་ཡོད་རེད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། ཆོས་དད་རང་དབང་གི་གནས་སྟངས། ཁོར་ཡུག་གི་གནས་སྟངས་སོགས་ཉག་ཕྲ་བའི་དུས་སྐབས་འདི་འདྲ་ཞིག་ལ་སླེབས་ཡོད་དུས་གཙོ་བོ་ང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་རེད། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་ང་རང་ཚོའི་འགོ་འཁྲིད་མང་པོ་ཞིག་གིས་ལམ་སྟོན་གང་གནང་བཞག་པ་དེ་ཚོའི་གྲས་ཉམས་ལེན་གནང་ནས་བོད་ཟེར་བ་དེ་བོད་མི་རང་ལ་བདག་ཐུབ་ཐབས། ལྷག་པར་དུ་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱ་ཞི་མོལ་ཡོང་ཐུབ་ཐབས་ལ་ཚང་མས་དགོངས་པ་བཞེས་དགོས་པ་རེད། དེ་རིང་ངས་དེ་ཞུ་དགོས་པ་གང་རེད་ཟེར་ན། རིན་པོ་ཆེས་སྐབས་གཉིས་ཀྱི་རིང་ལ་བཀའ་ཤག་གི་ཐུགས་འགན་བཞེས་པའི་སྐབས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་མང་པོ་ཕེབས་ཡོད་རེད། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་ནས་ཕན་ཚུན་འབྲེལ་བ་མཐུད་ཐུབ་པ་བྱུང་བའི་རླབས་ཆེན་གྱི་བྱས་རྗེས་མང་པོ་བཞག་ཡོད་རེད། དེ་ཚོའི་གྲས་ང་ཚོས་དཔེ་བལྟས་ནས་མ་འོངས་པར་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་རྒྱུར་ཚང་མས་ནུས་པ་གཅིག་སྒྲིལ་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུས་ན་བསམ་བྱུང་།
དེ་བཞིན་མ་འོངས་པར་རིན་པོ་ཆེ་སྐུ་ཚེ་ཡུན་རིང་གནས་ཐུབ་པ་ཞིག་དང་། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་རིན་པོ་ཆེའི་ཐུགས་ཀྱི་བཞེད་པ་མཐའ་དག་ཡོངས་སུ་འགྲུབ་རྒྱུའི་སྨོན་འདུན་ཞུ་རྒྱུ། དེ་རིང་གི་དུས་ཚོད་འདིར་༧སྐུའི་གཅེན་པོ་སྐུ་ངོ་ས་དབང་ཆེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གི་འཁྲུངས་སྐར་ཁེལ་བསྡད་ཡོད་པ་འདྲ། ཁོང་ལ་ཡིན་ནའང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོ་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་ཐོག་ནས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་དོན་བདེན་མཐའ་གསལ་ཐབས་སུ་ནུས་པ་མཉམ་སྤུངས་དང་། ཕྱར་གྲུ་མཉམ་འདེགས་ཡོང་རྒྱུར་ཚང་མས་ཐུགས་འགན་བཞེས་དགོས་པ་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་ཡིན་ནའང་སོ་སོས་གང་འཇོན་འཇོན་དང་། ནུས་པས་གང་ལྕོགས་ལྕོགས་ཀྱིས་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་ཞུ་རྒྱུ་ཡིན། ཚང་མ་ལོགས་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་སྐབས་དེར་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དབུས་གཙང་ཚོགས་གཙོ་ལས་ཚབ་ནས་མཛད་སྒོ་ངོ་སྤྲོད་དང་། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་འཁྲུངས་སྐར་གྱི་འཚམས་འཕྲིན་སྒྲོགས་སྦྱང་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོས་གསུང་བཤད། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོས་གསུང་བཤད། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཝི་ཇེ་སིང་མན་ཀོ་ཊི་ཡཱ་མཆོག་གིས་གསུང་བཤད་བཅས་གནང་རྗེས། སྐུ་མགྲོན་གཙོ་བོ་རྣམ་གཉིས་དང་། དམིགས་བསལ་སྐུ་མགྲོན་རྣམ་པས་བཅས་ནས་འཁྲུངས་སྐར་གྱི་མངར་བཟས་ (cake) བཏུབ་གནང་སོང་།
དེ་ནས་རིག་གཞུང་གཞས་སྣ་ཁག་གཟིགས་འབུལ་ཞུས་རྗེས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མདོ་སྨད་དབུས་རྒྱུན་ལས་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་དངོས་གཞི་གྲོལ་བ་བཅས།།