ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་གཙོས་ཡུ་རོབ་ཁུལ་གྱི་བོད་མི་བརྒྱ་ཕྲག་ལྷག་རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༩ ཉིན་ཡུ་རོབ་བོད་རིགས་ཚོགས་པ་ཁག་གིས་ཕ་རན་སི་རྒྱལ་ས་ (Paris) ལ་བཞག་པའི་གྲོས་ཆོད་དགོངས་དོན་ལྟར། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་རྣམ་གཉིས་དང་། སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྣེ་འཁྲིད་ལམ་སྟོན་འོག སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ས་གནས་སུ་གོ་སྒྲིག་གི་འགན་གཙོ་བཞེས་ཐོག ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༣ ཉིན་ཡུ་རོབ་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༧༠༠ ལྷག་ཙམ་སུད་སིའི་གྲོང་ཁྱེར་ (Lausanne) ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་རྩེད་ལས་ཁུངས་ (IOC) མདུན་དུ་འདུ་འཛོམས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོགས་རྒྱུར་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད།

དེ་ཡང་ངོ་རྒོལ་སྐད་འབོད་ལས་འགུལ་ཀྱི་ཐོག་མར་ཡུ་རོབ་བོད་རིགས་ཐུན་མོང་ནས་རྒྱལ་སྤྱིའི་ཨོ་རྩལ་ལས་ཁུངས་ (IOC) ཀྱི་ངོས་ནས་སླར་ཡང་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་རྩལ་འགྲན་བསྡུར་འཚོག་རྒྱུའི་གོ་སྐབས་སྤྲད་པར་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཡོད་ཅེས་འཁོད་པའི་ཞུ་ཡིག་གཅིག་ཕུལ་གནང་ཡོད། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་བཞིན་ལས་འགུལ་བ་ཡོངས་ཀྱིས་སྐར་མ་གཅིག་རིང་ངག་བཅད་གནང་སྟེ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཞུས་རྗེས། རྒྱལ་སྤྱིའི་ཨོ་རྩལ་ལས་ཁུངས་ (IOC) ནས་ཨོ་རྩལ་འགྲེམས་སྟོན་ཁང་ (Olympic Museum) བར་སྤྱི་ལེ་གསུམ་ཙམ་མི་མང་གིས་ཞི་བའི་གོམ་བགྲོད་གནང་ཡོད་འདུག

གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་དེའི་ནང་ཡུ་རོབ་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་བོད་རིགས་ཚོགས་པ་ཁག་བརྒྱད་དང་། སུད་སིའི་ས་གནས་གཞོན་ནུ་དང་། བུད་མེད་ཚོགས་པ། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་འདྲ་མིན་ནས་སླེབས་པའི་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་བཅས་ནས་མཉམ་ཞུགས་གནང་འདུག

ལས་འགུལ་གྱི་མཛད་རིམ་ཐོག་ལྗང་ཁུ་ཚོགས་པ་ནས་ཡིན་པའི་སུད་སི་ལའུ་ས་ནེ་གྲོང་སྡེའི་འཐུས་མི་སྐུ་ཞབས་ཨི་ལི་ཡས་པེན་ཅནཊ་ (Mr. llias Penchant,  Municipal Councillor of the city of Lausanne (Greens)) མཆོག་གིས་བོད་དང་ཡུ་གུར་མི་རིགས་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་བ་དང་།  གཞན་ཡང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། ཡུ་གུར་བའི་སྐུ་ཚབ། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྐར་མ་ཆོས་སྐྱིད་ལགས། སུད་སིའི་བུད་མེད་ཚོགས་པའི་ཚོགས་གཙོ། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། སུད་སིའི་ཡུ་རོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་བཅས་ནས་གསུང་བཤད་དང་། ཡུ་རོབ་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ཀྱིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྐད་ནང་གསུང་བཤད་གནང་ཡོད་འདུག

ཕྱི་ཟླ་ ༢ ཚེས་ ༤ ཉིན་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་ (Geneva) ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཆེད་ཕེབས་གནང་སྟེ། ཆུ་ཚོད་ཁ་ཤས་རིང་གནད་དོན་རྒྱུས་ལོན་གནང་བ་དང་།

དེ་ཉིན་དགོང་མོ་ཆུ་ཚོད་ ༦།༣༠ ཙམ་ལ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་འཇིགས་བྲལ་གློག་བརྙན་མང་ཚོགས་སུ་གཟིགས་འབུལ་ཞུས་གྲུབ་མཚམས། བགྲོ་གླེང་གི་དགོང་ཚོགས་སུ་ཡུ་རོབ་སྤྱི་འཐུས་རྣམ་པ་གཉིས་དང་། སུད་སི་སྐུ་ཚབ་དོན་གཅོད་གཙོས་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ པ་ཙམ་ནས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྐར་མ་ཆོས་སྐྱིད་ལགས་དང་། ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་རྣམ་པ་གཉིས་ཀྱིས་མཐུན་འགྱུར་འོག སུད་སིའི་གྲོང་ཁྱེར་ཛུ་རིག་ (Zurich) ཏུ་སནྶ་ པ་པཡེར་ས་ (Sans Papiers) ཚོགས་པའི་ཚོགས་གཙོ་འཕྲིན་ལས་ལགས་ཀྱིས་གཙོས་འཐུས་མི་ ༢༠ ཙམ་དང་། དེ་བཞིན་འདས་པའི་ལོ་ངོ་ ༡༠ ཙམ་ནས་སུད་སྡོད་བོད་རིགས་རྣམས་ལ་ཡུལ་ཁྲིམས་དང་མཐུན་པའི་སྐྱབས་བཅོལ་ལག་ཁྱེར་མ་རག་མཁན་ཚོ་དང་ལྷན་དུ་ཚོགས་འདུ་ཆུ་ཚོད་གསུམ་རིང་ཚོགས་ཏེ། ཁོང་རྣམས་ཀྱི་དཀའ་སྡུག་སྐོར་ལ་གསན་ཞིབ་དང་།  མ་འོངས་པར་ཁོང་ཚོར་སུད་སིའི་སྐྱབས་བཅོལ་ལག་ཁྱེར་མེད་པའི་དཀའ་སྡུག་ཐད་མུ་མཐུད་དེ་ལས་དོན་མཇུག་སྐྱོང་གནང་རྒྱུ་ཡིན་པའི་ཐུགས་གཏན་ཁེལ་ཡོད་པ་བཅས། །

Menu