
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས ༡༧ ནས་ ༡༩ བར་ནིའུ་ཛི་ལན་ཌི་རྒྱལ་ས་ ཝི་ལིང་ཀྲོན་ (Wellington) ནང་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུ་ (Asia Pacific Security Innovation Forum) ཞིག་གོ་སྒྲིག་ཞུས་པའི་ཐོག་ཨོ་སི་ཀྲོ་ལི་ཡའི་ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་མཉམ་ཞུགས་ཀྱིས་གཏམ་བཤད་ལས་རིམ་ནང་ཆ་ཤས་བཞེས་ཡོད་འདུག

དེ་ཡང་སྤྱི་འཐུས་མཆོག་ནས་ཚོགས་འདུའི་ཐོག རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཐབས་བྱུས་དང་འབྲེལ་བའི་ཐོག་Economic Diplomacy VS Strategic Presence ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་གི་ཆ་ཤས་བཞེས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་། བོད་དོན་གཙོ་གནད་ཐོག་གོང་གསལ་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་དང་། ཕན་ཚུན་བགྲོ་གླེང་གནང་འདུག བརྗོད་གཞི་དེའི་ཐོག་སྤྱི་འཐུས་མཆོག་དང་ལྷན་ནིའུ་ཛི་ལན་ཌིའི་གྲོས་ཚོགས་འཐུས་མི་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་སི་མོན་ ཨོ་ ཀོ་ནོར་ (Simmon O’Connor Former MP, New Zealand) མཆོག་དང་། ཊི་མུར་ ལསི་ཌེ་ (Timor-Leste) ཡི་གཞུང་ཚབ་ཆེན་མོ་ཨི་ཌིལ་ཊ་ རོ་ཌི་རི་གྷཛ་ (HE Idelta Rodriguez) མཆོག་རྣམ་གཉིས་ཡིན་འདུག

གཞན་ཡང་སྤྱི་འཐུས་མཆོག་ནས་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་ཉི་འོང་དང་། ཐེ་ཝན། ས་མོ་ཝ། (Independent State of Samoa) ཤར་ཏི་མུར་ (Democratic Republic of Timor-Leste) བཅས་ཀྱི་གཞུང་ཚབ་མི་སྣ་དང་ཕྱི་འབྲེལ་གནད་ཡོད་མི་སྣ། ཨ་རི་དང་། ཇར་མན་ནས་ཕེབས་པའི་དམག་དཔོན་དང་། ལས་སྣེ་རྣམ་པར་བོད་དོན་སྐོར་ངོ་སྤྲོད་དང་། ལྷག་པར་དུ་ཉི་འོང་དང་། ཐེ་ཝན་གཞུང་ཚབ་ལས་བྱེད་ཆེ་གྲས་གཉིས་བརྒྱུད་རྒྱལ་ཁབ་གཉིས་ཀྱི་ཐོག་ནས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་བར་བཀའ་དྲིན་ཆེ་ཞུས་གནང་འདུག

ཚོགས་འདུ་མཇུག་བསྒྲིལ་རྗེས། སྤྱི་འཐུས་མཆོག་གིས་གླེང་སྟེགས་དེའི་འགན་འཛིན་སློབ་དཔོན་ལྕམ་སྐུ་ཨ་ནི་ཊ་ ཨེ་བྷོ་ཊ་ (Prof. Anita Abbott, Chair of APSI Forum Committee) མཆོག་དང་། འབྲེལ་མཐུད་པ་བྷེ་རིཊི་ མུར་ཕི་ (Brett Murphy) མཆོག་རྣམ་གཉིས་ལ་ཉེ་ཆར་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་བོད་དང་བོད་མིའི་མགྲིན་ཚབ་ (Voice for the Voiceless) ཅེས་པ་ཕྱག་རྟགས་སུ་ཕུལ་བ་དང་། ཁོང་གི་ཕྱག་རོགས་དང་ཕྲུ་གུ་གཉིས་ལ་གྲོས་ཚོགས་ཀྱི་སྨྱུ་གུ་རེ་ཕྱག་རྟགས་སུ་ཕུལ་གནང་འདུག

ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་གཞན་རྣམས་ནི། Major General Cioponea, NATO Headquarter, Colonel Arnel David, NATO, Rodger Baker, Executive Director for Startfor Center for Applied GeoPolitics, Major General (Retd) Gert-Johannes Hagemann, Board member and speaker for APSI, Colonel John Black (Retd), Captain Yuki Bito, Ph.D, Lt. Colonel David Jonas (Retd) Colonel Grant Newsham སོགས་ཡིན་འདུག

ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་འདུ་དེ་ནི། རྒྱལ་འབྲེལ་ཐབས་བྱུས་ཐོག་བགྲོ་གླེང་དང་ལྷན་ཚོགས་བྱ་ཡུལ་གྱི་རྒྱལ་སྤྱིའི་སྡིངས་ཆ་གལ་ཆེན་ཞིག་ཡིན་པ་དང་། སྡིངས་ཆ་འདི་བརྒྱུད་ལོ་ལྟར་ཚོགས་འདུ་མི་འདྲ་བ་ཁག་གཉིས་བསྡུ་སྐོང་གནང་གི་ཡོད་ཅིང་། སྤྱི་འཐུས་མཆོག་སྔ་ལོ་དང་། འདི་ལོ་བཅས་སོ་སོར་ཚོགས་འདུ་མི་འདྲ་བ་གཉིས་ཀའི་ཐོག་ཕེབས་བཅར་ཞུས་འདུག་པ་བཅས།
