ཕྱོགས་བཞུགས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་ཨིན་ལན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་རིགས་ཚོགས་པ་ཁག་བཅས་ཀྱི་ཚོགས་འདུའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅།    ། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༩ ནས་ ༡༡ བར་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་རྟེན་གཞི་བྱས་པའི་ཀརྨ་བཤད་སྒྲུབ་གླིང་ཆོས་ཚོགས་སུ་ཨིན་ལན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་རིགས་ཚོགས་པ་ཁག་བཅས་ཀྱི་ཚོགས་འདུ་ཞིག་འཚོགས་གནང་བའི་ཐོག ཕྱོགས་བཞུགས་བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག 

སྐབས་དེར་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་དོན་གཙོ་བོ། རྒྱ་དམར་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་།  ནང་ཆོས།  མི་རིགས་ཀྱི་ངོ་བོ་བཅས་ཕུགས་དམིགས་ལ་རྩ་གཏོར་གཏང་རྒྱུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེར་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ངོས་ནས་གདོང་ལེན་བྱེད་ཕྱོགས་དང་།   བོད་མི་ཚོས་སོ་སོའི་ཉིན་རེའི་འཚོ་བའི་ནང་བོད་སྐད་དང་བོད་ཡིག་གང་ཐུབ་ཅི་ཐུབ་ཀྱིས་བཀོལ་སྤྱོད་བྱེད་པར་ཐབས་ལམ་བསྟེན་ཕྱོགས་ཐད་ལ་གསུངས་འདུག 

ཐེངས་འདིའི་ཚོགས་འདུའི་ཐོག་ཨིན་ལན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་སུ་གཏོགས་པའི་བོད་རིགས་ཚོགས་པ་དྲུག་གི་སྐུ་ཚབ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྒྱལ་ཁབ་བདུན་ནས་ཕེབས་པའི་སྐུ་ཚབ་བཅས་ཀྱིས་ད་ཐེངས་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད་འདུག་པ་བཅས།