ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པའི་ཐོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡ པོའི་ཚེས་ ༨ དང་ ༩ བཅས་ཉིན་གཉིས་རིང་ཨོ་གླིང་ནོར་ར་ (Nowra) ས་གནས་སུ་ནོར་ར་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་དང་། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་གཙོ་འགན་འོག ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དམིགས་གསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་ལམ་སྟོན་གསུང་བཤད་གནང་ཞིང་། སྐབས་དེར་སྤྱི་འཐུས་མཆོག་ནས་ཚོགས་འདུར་གྲོས་ཆོད་གང་བཞག་པ་རྣམས་༧རྒྱལ་བའི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་མཐུན་པ་དང་། ས་གནས་བོད་རིགས་མཐུན་ཚོགས་ཁག་ནས་བོད་མིའི་གཅིག་སྒྲིལ་དང་བོད་དོན་ལས་འགུལ་ཐད་ཤུགས་སྣོན་རྒྱག་དགོས་པ། དང་བླངས་དཔྱ་དངུལ་དུས་ཐོག་འབུལ་དགོས་པ་མ་ཟད། ཕྱི་རྒྱལ་གནད་ཡོད་རྒྱབ་སྐྱོར་བ་ཚོར་བོད་དོན་ཐོག་རྒྱབ་སྐྱོར་མཚོན་ཆེད་ཀྱི་ལག་དེབ་སྔོན་པོ་གང་མང་བཟོ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་ལམ་སྟོན་གསུང་བཤད་གནང་ཡོད་འདུག

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་དང་། གཞན་སྐུ་མགྲོན་དུ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ལྷ་དབང་ལགས་བཅས་ཆེད་ཕེབས་གནང་འདུག

ཐེངས་འདིའི་ཚོགས་འདུའི་ཐོག ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། དྲུང་ཆེ་གསར་འདེམས་གནང་ཞིང་། ཀན་བྷི་ར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་རྒྱལ་ཡོངས་ཚོགས་གཙོ་དང་། ཎེའུ་ཁང་གསར་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གུར་འབུམ་རྒྱལ་ལགས་དྲུང་ཆེར་འོས་འདེམས་བྱུང་བར་འཚམས་འདྲི་དང་། ཚོགས་ཟུར་སྐལ་བཟང་ཡོན་ཏན་ལགས་དང་། དྲུང་ཟུར་གོ་ཚང་ནེ་རྒན་ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་བསྒྲོན་གནང་འདུག

དེ་བཞིན་ཕྱི་ཚེས་ ༨ དགོང་མོར་ནོར་ར་བོད་རིགས་རྣམས་དང་ལྷན་མཇལ་འཕྲད་ཀྱིས་སྤྱི་འཐུས་མཆོག་དང་། དོན་གཅོད་རྣམ་གཉིས་ནས་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས། །