༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༢ ནས་ ༤ བར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་གངས་ལྗོངས་ཆོས་ལྡན་གླིང་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པ་ཚོགས་པའི་ཐོག་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་མཉམ་ཞུགས་གནང་འདུག
ཉིན་གསུམ་རིང་གི་ཚོགས་ཆེན་ཐོག བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་གནང་ཕྱོགས། བྱང་ཨ་རིའི་ནང་བོད་དོན་ཞུ་སྐུལ་སྤེལ་ཕྱོགས་སོགས་དང་འབྲེལ་བའི་ཐོག་གྲོས་བསྡུར་གནང་ཡོད་འདུག་པ་དང་། ཐེངས་འདིར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༩ ནས་ཚོགས་བཅར་བ་མི་གྲངས་ ༤༠ སྐོར་མཉམ་ཞུགས་གནང་འདུག
ཚོགས་ཆེན་དེ་བཞིན་ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་རེད་འདུག
གཞན་ཡང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་སྔ་དྲོ་གངས་ལྗོངས་ཆོས་ལྡན་གླིང་དུ་མང་གཙོའི་དུས་ཆེན་སྲུང་བརྩི་ཞུས་སྐབས། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་མཆོག་ཆེད་ཕེབས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་དང་། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གལ་གནད། བོད་མི་ཚང་མས་རྩ་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་དགོས་སྐོར་སོགས་ཀྱི་ཐོག་གསུངས་གནང་འདུག་པ་བཅས། །