༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ནས་ ༢༣ བར་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཁབ་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་སླད་ཨོ་གླིང་གཞུང་ནས་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བ་སོགས་དོན་ཚན་གསུམ་ཅན་གྱི་དགོས་འདུན་ཆེད་བཏོན་གནང་བ་དང་། སྐབས་དེར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་མཇལ་འཕྲད་ཞུས་འདུག
བོད་དོན་ཞུ་གཏུག་ལས་འགུལ་ཁྲོད་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནིཊ་ ར་ཧེ་སི་ (Senator Janet Rice) མཆོག་གིས་གྲོས་ཚོགས་གོང་མའི་ནང་གསུང་བཤད་གནང་སྐབས། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་དང་། ཨོ་གླིང་སྐུ་ཚབ་དོན་གཅོད་མཆོག་རྣམ་གཉིས་ངོ་སྤྲོད་ཀྱིས་བོད་མིའི་ཞུ་གཏུག་ལས་འགུལ་གྱི་སྐུ་ཚབ་རྣམས་ལ་ཆེ་མཐོང་ངོས་འཛིན་གནང་བ་དང་སྦྲགས། བོད་མིའི་སྐུ་ཚབ་རྣམས་ཀྱིས་སྤེལ་བཞིན་པའི་བོད་དོན་ཞུ་གཏུག་ཉིན་མོ་དེ་ཧ་ཅང་གནད་འགག་ཅན་ཞིག་ཡིན་པའི་སྐོར་དང་། རྒྱ་གཞུང་གིས་དབང་བསྒྱུར་འོག བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་ཉེན་ཁའི་འོག་ཚུད་ཡོད་པ་སོགས་འགྲེལ་བརྗོད་གནང་སྟེ། ཨོ་གླིང་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་ཐེ་བྱུས་བྱེད་བཞིན་པར་དགག་པ་གནང་དགོས་པ་དང་། དེའི་ཚབ་ཏུ་མགོན་པོ་༸གང་ཉིད་མཆོག་ཁོ་ནར་ངོས་འཛིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། གྲོས་གཞི་དེ་ཉིད་ཁོང་གིས་མུ་མཐུད་གྲོས་ཚོགས་སུ་ཐབས་ལམ་ཇི་ཡོད་ཀྱི་སྒོ་ནས་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་འདུག
བོད་མི་ཞུ་གཏུག་ལས་འགུལ་བ་རྣམས་ཚོགས་ཆུང་ལྔར་ཆ་བགོས་གནང་སྟེ། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་ཚོགས་ཆུང་གཅིག་སྣེ་ཁྲིད་ཀྱིས་གྲོས་ཚོགས་གོང་འོག་གཉིས་ཀའི་འཐུས་མི་དང་མཇལ་འཕྲད་གནང་སྟེ། གོང་གི་གནད་དོན་གསུམ་པོའི་ཐད་ནན་བརྗོད་གནང་ཡོད་འདུག
ཨོ་གླིང་ནང་ལོ་ལྟར་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཁང་དང་། ས་གནས་བོད་རིགས་མཐུན་ཚོགས་ཁག་ཟུང་སྦྲེལ་ཐོག་བོད་དོན་ཞུ་གཏུག་ཉིན་མོ་ཞེས་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། ཐེངས་འདིའི་བོད་དོན་ཞུ་གཏུག་ཉིན་མོ་ཐེངས་བཅུ་གཅིག་པའི་ནང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་མཆོག་གིས་གཙོས་རྒྱལ་ས་ཁེན་བྷེ་ར་ (Canberra) དང་། སིཌ་ཎི། ཝིག་ཀྲོ་རཡ། (Queensland Victoria) དེ་བཞིན་ནའོ་ར། (Nowra) བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ནས་བོད་མི་གྲངས་ ༡༦ ཙམ་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །