ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༥ བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༣ པའི་དཔལ་ལྡན་ཚོགས་གཙོ་མཆོག་གི་ཚོགས་འདུ་མཇུག་བསྡོམས་གསུང་བཤད།

IMG_8091

དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པ། ལས་ཉིན་ ༡༡ ཙམ་བསྐྱངས་ཡོད་པ་རེད། དེ་ཡིན་དུས་གྲོས་ཚོགས་ཀྱི་མཇུག་བསྡོམས་ཀྱི་གཏམ་བཤད་དང་དབུ་འབྱེད་ཀྱི་གཏམ་བཤད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ལ་འཁོད་པ་ཞིག་དང་། ཚོགས་གཙོས་གང་གསུངས་པ་འདི་ཚོགས་འདུའི་ལས་རིམ་དང་གྲུབ་འབྲས་ཀྱི་ཐོག་ནས་བཤད་སྲོལ་ཡོད་པ་དེ་ཚོགས་གཙོའི་བཀོད་ཁྱབ་ལྟ་བུ་དེ་འདྲའི་ཁོངས་སུ་གཏོགས་ཀྱི་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་ང་ཚོས་ལས་རིམ་བསྐྱངས་པའི་སྐབས་སུ་ལས་ཉིན་མང་ཆེ་བ་དེ་སྔོན་རྩིས་ཀྱི་ཐོག་ལ་བཏང་ཡོད་པ་རེད། དེ་འདྲ་ཡིན་སྟབས་སྔོན་རྩིས་ཀྱི་ལས་རིམ་གྱི་ནང་ལ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་དང་དེ་བཞིན་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་ཚང་མས་ཚ་ཚ་འུར་འུར་གྱི་ཐོག་ཆ་ཤས་བཞེས་པའི་ཐོག་ནས་ང་ཚོའི་སྔོན་རྩིས་ཀྱི་ལས་རིམ་དེ་གང་ལ་གང་འཚམ་ཞིབ་ཚགས་པོ་དང་ཡག་པོ་བྱུང་སོང་སྙམ་བཞིན་ཡོད། ཕྱོགས་གཅིག་ནས་བཀའ་ཤག་དང་གྲོས་ཚོགས་ཀྱི་ཐོག་ནས་སྔོན་རྩིས་ཀྱི་ལས་རིམ་འདི་གསར་པ་ཆགས་ཡོད་རེད། དེ་འདྲའི་ཐོག་ནས་གང་ལ་གང་འཚམ་ཞིབ་ཚགས་པོ་དང་ཡག་པོ་བྱུང་སོང། དེ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཚང་མར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།

IMG_8085

ང་རང་ཚོའི་དཔལ་འབྱོར་གྱི་གནས་བབ་ཀྱི་ཐོག་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གཏམ་བཤད་ནང་ཡོད་པ་གཞིར་བཟུང་ང་ཚོའི་དཔལ་འབྱོར་གྱི་ཡོང་འབབ་དེ་རང་དབང་དཔྱ་ཁྲལ་ལག་དེབ་ཀྱི་ཐོག་ནས་གཅིག་ཡོང་གི་ཡོད་རེད། དེ་བཞིན་ལས་ཁུངས་སོ་སོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ། དེ་མཚུངས་བཀའ་ཤག་གི་རོགས་དངུལ་ཐབས་འཚོལ་བྱས་པ་ལས་གཞན་པའི་ང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་མེད་དུས་ང་ཚོ་བཙན་བྱོལ་གྱི་གནས་སྟངས་ཀྱི་ཐོག་ནས་རང་ཁ་རང་གསོ་ཟེར་བ་འདི་ཡོང་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་རེད། ཡིན་ནའང་ད་ལྟ་རྩིས་ལོ་ ༢༠༡༧་་་༡༨ ནང་ས་ཡ་ཉིས་སྟོང་བཞི་བརྒྱ་ལྷག་ཙམ་ཞིག་ང་ཚོས་བཀའ་འཁྲོལ་ཞུས་པ་བཞིན་གཏན་འབེབས་ཞུ་ཐུབ་པ་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་ལས་འཆར་མང་པོ་ཞིག་འཆར་འབུལ་ཞུས་ཐུབ་པ་དེར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་དང་དངོས་སུ་ང་ཚོ་བཀའ་འཁྲོལ་གཏན་འབེབས་བྱུང་བའི་རྗེས་སུ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་འབྲེལ་ཡོད་ལས་བྱེད་ཚང་མའི་ངོས་ནས་ལྷག་བསམ་དང་འགན་ཁུར་ཆེ་བཞེས་ཀྱི་ཐོག་ནས་རང་བཞིན་གྱིས་དངུལ་འབོར་བཀའ་འཁྲོལ་ཐོབ་པ་དེ་ཚོར་བསྲི་ཚགས་ཀྱི་ཐོག་ནས་ལས་དོན་རྣམས་དོན་འབྲས་ལྡན་པ་ཡོང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་དུས། དེ་རིང་འདིར་ལས་དོན་རྣམས་དོན་ལ་སྨིན་པ་ཡོང་རྒྱུར་ཚང་མས་ཧུར་ཐག་འབད་ཐག་གིས་འགན་འཁུར་མཉམ་བཞེས་ཡོང་དགོས་པར་ཚོགས་གཙོ་གཉིས་ཀྱི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་བཞིན་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་གྲོས་ཆོད་གྲོས་འཆར་རིགས་གཅིག་གཏན་འབེབས་ཞུ་ཐུབ་པ་བྱུང་ཡོད་རེད་ལ། དེ་བཞིན་ལས་དོན་གཅིག་ནི་ང་ཚོ་ཁྲིམས་བཟོའི་ལས་དོན་དེ་རེད། དེ་འདྲ་ཡིན་དུས་ད་ལྟ་ཚོགས་དུས་འདིའི་ནང་ལ་ཁྲིམས་བཟོའི་ལས་དོན་མང་པོ་ཡོད་མ་རེད། ཡིན་ནའང་ང་ཚོའི་འོས་བསྡུའི་སྒྲིག་གཞི་འཆར་ཟིན་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་དང་དེ་མཚུངས་འཆར་ཟིན་དེ་གྲོས་ཚོགས་ནང་ཕེབས་ཡོད་རེད། ཚོགས་ཆུང་གི་ངོས་ནས་ལས་དོན་དེ་ཚོ་རུ་ངར་ཞིབ་ཚགས་ཡག་པོ་གནང་ཐུབ་འདུག་པས་ཚོགས་གཙོ་གཉིས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། དེ་བཞིན་དངོས་སུ་ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་བསྐྱངས་པའི་སྐབས་སུ་དེར་བཀའ་ཤག་གི་ངོས་ནས་དགག་པ་རྒྱག་རྒྱུ་དང་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཕེབས་པ་དེ་འདྲ་བྱུང་ཡོད་རེད། དེ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་བརྩི་བཀུར་དང་ཉམས་ལེན། དེ་བཞིན་གྲོས་ཚོགས་ལ་འགན་ཁུར་བཞེས་ཕྱོགས་དེ་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ་སྙམ་པའི་ཚོར་སྣང་བྱུང་ཞེས་ཞུ་རྒྱུ་ཡིན།

IMG_8089

དེ་བཞིན་འོས་བསྡུའི་སྒྲིག་གཞིའི་འཆར་ཟིན་དང་འབྲེལ་ནས་འདི་ནས་ཚོགས་གཙོ་གཉིས་ཀྱིས་སྔོན་འགྲོ་དང་དངོས་གཞི་དགོས་མིན་ལ་ཞིབ་ཕྲ་ཞུ་རྒྱུའི་འབད་བརྩོན་ཞུ་ཡི་མེད། ཡིན་ནའང་། ཚོགས་གཙོས་ཞུ་འདོད་པ་ཞིག་ལ། འོས་བསྡུའི་བྱུང་རིམ་གྱི་རྩོད་རྙོག་ལས་ལྷག་འོས་བསྡུའི་གྲུབ་འབྲས་དེ་དེ་བས་ཀྱང་ཉེན་ཁ་ཆེ་བ་ཆགས་ཀྱི་ཡོད་རེད། གང་ལགས་ཞེ་ན། འོས་བསྡུའི་གྲུབ་འབྲས་དེ་ཡག་པོ་མ་བྱུང་བ་ཡིན་ན། མི་མང་གི་ཡིད་ཆེས་བརླག་པ་དང་། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གཞི་བཟུང་གི་བོད་མིའི་རྩ་དོན་གྱི་འཐབ་རྩོད་མདུན་སྐྱོད་བྱེད་མ་ཐུབ་པ་དེ་འདྲ་བྱུང་བ་ཡིན་ན། ང་ཚོའི་མི་རིགས་ཀྱི་རྩ་དོན་དང་། འཐབ་རྩོད་སོགས་གང་ཅིའི་ཐད་ནས་འཐུས་ཤོར་ཆེ་ཤོས་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། ལོ་ལྔ་ཚན་གྱི་ནང་ལ་ཟང་ངེ་ཟིང་ངེ་རྐྱང་རྐྱང་དང་། སྤྱི་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྡབ་སིག་འདྲ་པོ་རྐྱང་རྐྱང་ཡོང་བསྡད་པ་ཡིན་ན། ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བཀུར་བ་དེ་མ་འགྲུབ་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། དེ་རིང་གི་གོ་སྐབས་འདིའི་བརྒྱུད་ནས་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་རེད། དེ་བཞིན་རྒྱ་ཆེ་མང་ཚོགས་ཀྱི་ངོས་ནས་ཀྱང་དེ་ལ་ཐུགས་སྣང་དང་འགན་ཁུར་བཞེས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་དེ་གཅིག་ཞུ་འདོད་བྱུང་།

དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་རིགས་གཅིག་དང་། འཛིན་སྐྱོང་བཀའ་ཤག་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་བྱས་ནས་ཕེབས་མི་ཐུབ་པའི་གནས་ཚུལ་ཡང་ཡང་ཐོན་གྱི་འདུག དེ་འདྲ་ཡིན་དུས། ཚོགས་གཙོ་ངོས་ནས་ཁ་ཐུག་དེ་རང་ལ་སྟངས་འཛིན་བྱས་ན་གནས་ཚུལ་ཆེད་མངགས་བཟོས་པ་འདྲ་པོ་ཆགས་མི་སྲིད་པ་མ་རེད། དེ་འདྲའི་ཐོག་ནས་ང་ཚོས་བཟོད་སྒོམ་གནང་གི་ཡོད་རེད། ཡིན་ནའང་ད་ལྟ་ངས་དཔེར་མཚོན་ཁག་ཅིག་ཞུ་རྒྱུ་ཡིན། གྲོས་ཚོགས་ནང་དུ་སྐད་ཡིག་གཞན་བེད་སྤྱོད་གཏོང་བའི་སྐབས་སུ་ཚོགས་གཙོ་ལ་བཀའ་འཁྲོལ་ཞུ་དགོས་རྒྱུ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་མི་དང་། ཟུར་ཉན། ལས་བྱེད་བཅས་ཀྱི་མིང་འབོད་ཞུ་དགོས་ན་ཚོགས་གཙོར་བཀའ་འཁྲོལ་ཞུ་དགོས་རྒྱུ། གཞན་ཡང་གྲོས་ཚོགས་ནས་ཕྱིར་ཐོན་པ་དང་ནང་དུ་ཕེབས་པའི་སྐབས་སུ་གྲོས་ཚོགས་ཀྱི་ཞབས་བཀྱག་ལ་གུས་འདུད་ཞུ་དགོས་རྒྱུའི་དེ་ཚོའི་གྲས་དེ་རྩ་ནས་ཡོང་གི་མི་འདུག དེ་འདྲ་ཡིན་དུས། དེ་ཚོ་རིགས་བོད་མི་མང་སྤྱི་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་ལྷན་ཚོགས་སྐབས་སུ་སྒྲིག་སྲུང་དགོས་པ་ཞེས་དོན་ཚན་ཉུ་ཤུའི་རྩ་གསུམ་བཀོད་ཡོད་རེད། དེ་བཞིན་ཚོགས་འདུའི་ནང་དུ་བག་ཡོད་བསྟེན་ཕྱོགས་ཞེས་ཟུར་དུ་དམིགས་བསལ་བྱས་ནས་བཀོད་ཡོད་རེད། དེ་ཚོའི་རིགས་ང་ཚོས་ཉམས་ལེན་ཐུབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག

དེ་བཞིན་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་སྒེར་སོ་སོའི་བསམ་ཚུལ་གཙོ་བོར་འདོན་པ་དང་། སྒེར་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་རྣམ་པ་རིགས་ཏེ་གཉིས་ཡོང་གི་འདུག དེ་ཚོ་གྲས་ལ་ཐུགས་གཟབ་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གང་ལགས་ཞེས་ན། ཕྱོགས་གཅིག་ནས་ང་ཚོ་སོ་སོའི་སྐྱེ་བོ་ཡིན་དུས་ཉོན་མོངས་དུག་གསུམ་གྱིས་གཞན་དབང་གྱུར་བ་དེ་བཤད་མི་དགོས་པ་རེད། ཡིན་ནའང་སོ་སོའི་སྒེར་གྱི་ཚོར་བ་དང་སྤྱི་པའི་ལས་དོན་མཉམ་བསྲེས་མ་ཡིན་པའི་ཐོག་ནས་ཁ་ཁ་ཕྱེ་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཚང་མས་དམ་བཅའ་བཞག་པ་ནང་བཞིན་ལས་དོན་ཐོག་ཞུགས་ནས་དངོས་གནས་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་པའི་ཕྱག་ལས་གནང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ང་ཚོའི་གྲོས་ཚོགས་ཀྱི་སྡིངས་ཆ་འདི་ནས་མི་ས་ཡ་དྲུག་དང་། བོད་མི་རིགས། བོད་མི་མང་གི་འཕྲལ་ཕུགས་རྒྱང་གསུམ་དུ་ཕན་ཐོགས་པའི་བགྲོ་གླེང་བྱེད་ཐུབ་དགོས་པ་དང་། སྣེ་ཁྲིད་བྱེད་ཐུབ་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་འདྲའི་རིགས་ཡག་པོ་བྱུང་བ་ཡིན་ན། གྲོས་ཚོགས་ཀྱི་ཆེ་མཐོང་དང་གྲོས་ཚོགས་ཀྱི་སྐད་ཡིག་གི་ཆེ་མཐོང་། བོད་མི་མང་གི་ཡིད་ཆེས་སོགས་དེ་དག་གི་གནས་སྟངས་ཡག་ཏུ་འགྲོ་གི་རེད་སྙམ་གྱི་འདུག དེ་དག་ལ་ཚང་མས་དགོངས་པ་ཆེ་བཞེས་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཚོར་བ་ཤུགས་ཆེན་པོའི་ཐོག་ནས་ཞུ་རྒྱུ་ཡིན།

དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བཞག་པ་དེ་བཙན་བྱོལ་སྤྱི་ཚོགས་བདེ་ཐབས་བྱ་རྒྱུ་དང་། བོད་དོན་བདེན་མཐའ་གསལ་ཐབས། དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡོང་ཐབས་བཅས་གཙོ་བོའི་འགན་དབང་དེ་བསྐུར་ཡོད་རེད། དེ་རིགས་ང་ཚོས་སྒྲུབ་ཐུབ་དགོས་པ་ཞིག་དང་། ལྷག་པར་དུ་ང་རང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་བསྡད་ཡོད་དུས་བོད་དོན་བདེན་མཐའ་གསལ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་ནུས་པ་ཆེ་རུ་གཏོང་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད། དེ་ཡིན་དུས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནང་གི་ཡོད་རེད་ལ་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཀྱང་གནང་བཞིན་ཡོད་རེད། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་གནང་གི་ཡོད་རེད། ཡིན་ནའང་ང་ཚོས་དེའི་ནུས་པ་མཐོ་རུ་གཏོང་ཐུབ་ཐབས་ཤིག་དང་ཤུགས་རྐྱེན་སྤྲོད་ཐུབ་པ་ཞིག་ལ་ཚང་མས་ནུས་པ་གཅིག་སྒྲིག་བྱེད་ཐུབ་པར་འབད་བརྩོན་ཞུ་ཐུབ་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་དེ་གཅིག་ཞུ་འདོད་བྱུང།

དེ་བཞིན་ང་ཚོ་བོད་མིའི་སྒྲིག་འཛུགས་འདི་གཙོ་བོ་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་གཟིགས་པ་དང་། དེ་བཞིན་བོད་ནང་གི་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས། རེ་བ། དེ་བཞིན་བཙན་བྱོལ་བོད་མི་རྣམས་ཀྱི་ཡིད་ཆེས་དང་བརྩི་བཀུར། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་གྱི་ཐོག་ནས་འགྲོ་བཞིན་ཡོད་རེད། དེ་ཡིན་དུས་དུས་རྒྱུན་དུ་ལས་དོན་གང་བརྩམས་པ་ཡིན་ནའང་དེ་ཚོའི་བཀའ་དྲིན་དྲན་ཐུབ་དགོས་པ་གཅིག་དང་། ཡིད་ཆེས་བརླག་ཏུ་མི་བཅུག་པ་བྱེད་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་འདྲའི་བསམ་བློ་བཏང་བའི་ཐོག་ནས་སོ་སོ་ལ་ཀུན་སློང་མ་དག་པ་སྐྱེས་བ་ཡིན་ནའང་། དེ་ཚོ་རང་བཞིན་གྱིས་དྲན་པའི་ཐོག་ནས་ཀུན་སློང་བཅོས་ཏེ་སྤྱི་པའི་ལས་དོན་ཐོག་ལ་ནུས་པ་མཉམ་སྤུང་དང་ཡིད་ཆེས་མ་བརླག་པར་བྱ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང།

ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གནང་བ་ནང་བཞིན་ང་ཚོས་ཞབས་འདེགས་སྒྲུབ་ཐུབ་དགོས་རྒྱུ་དེ་ང་ཚོའི་ལས་འགན་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་ཆགས་ཀྱི་ཡོད་རེད། དེ་ཚོའི་གྲས་དེ་ང་ཚོས་དུས་རྒྱུན་དུ་བསམ་བློའི་ནང་དུ་བཅངས་དགོས་པ་ཞིག་དང་། དེ་བཞིན་གྲོས་ཚོགས་ཚོགས་པའི་སྐབས་སུ་ཡིན་ནའང་དེ་ལྟ་བུའི་དགོངས་པ་བཞེས་པའི་ཐོག་ནས་ལས་རིམ་གྱི་ཆ་ཤས་བཞེས་ཐུབ་དགོས་པ་དེ་གལ་གནད་ཅིག་རེད་འདུག་ཅེས་ཞུ་རྒྱུ་ཡིན།

དེ་བཞིན་གནད་དོན་གལ་ཆེ་བ་གཅིག་ང་ཚོས་གྲོས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་བོད་ནང་ལ་གནས་ཚུལ་མང་པོ་བྱུང་འདུག གསེར་རྟའི་ནང་ལ་ད་ལྟའང་ཛ་དྲག་གི་གནས་ཚུལ་འགྲོ་བཞིན་པ་ཞིག་ཆགས་འདུག དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཁམས་ཉག་རོང་ནས་པད་རྒྱལ་ལམ་པདྨ་རྒྱལ་མཚན་ཞེས་པ་ཞིག་གིས་རང་ལུས་མེར་བསྲེགས་བྱུང་བ་རེད། དེ་ཡིན་དུས་ད་ལྟའང་ཁོང་འདས་གསོན་གྱི་གནས་སྟངས་ང་ཚོར་གསལ་པོ་ཡོང་གི་མི་འདུག ཡིན་ནའང་ཕྱི་ལོ་ ༢༠༠༩ ནས་ ༢༠༡༧ བར་དུ་རང་ལུས་མེར་བསྲེགས་གནང་མཁན་ ༡༤༦ བྱུང་ཡོད་རེད། དེའི་ནང་ནས་ ༡༢༥ འདས་གྲོངས་ཟིན་པ་དང་ ༢༠ ཙམ་འདས་གསོན་ཇི་ཡིན་གྱི་གནས་སྟངས་ཁ་གསལ་མེད་པ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཁོང་རྣམ་པའི་བློས་གཏོང་དང་མངོན་འདོད་གཙོ་བོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་སུ་བཅུག་དགོས་པ་དང་། བོད་མི་ལ་རང་དབང་དགོས་པ་དེ་མངོན་འདོད་གཙོ་བོ་དེ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ཁོང་རྣམ་པའི་མངོན་འདོད་དང་བློས་གཏོང་དེ་ཚོར་ང་ཚོས་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་མངོན་འདོད་དེ་སྒྲུབ་ཐུབ་རྒྱུར་འབད་བརྩོན་ཞུ་ཐུབ་དགོས་པ་དེ། སྒྲིག་འཛུགས་རེད་ལ། རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རླབས་ཆེན་མདུན་བསྐྱོད་བྱེད་ཐུབ་པར་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་འདུག ལྷག་པར་དུ་རྒྱ་ནག་གཞུང་གི་ངོས་ནས་འཁྲེགས་གཟུང་གི་སྲིད་བྱུས་དེ་དོར་བའི་ཐོག་ནས་བོད་མི་རྣམས་ཀྱི་མངོན་འདོད་ལ་བརྩི་བཀུར་དང་། དང་ལེན་གནང་བའི་ཐོག་ནས་བོད་རྒྱ་འབྲེལ་མོལ་དང་བོད་ནང་གི་བོད་མི་དེ་ཚོའི་མངོན་འདོད་ལ་བསྐྱར་ཞིབ་ཀྱི་ཐོག་ནས་མདུན་བསྐྱོད་བྱ་རྒྱུའི་གོ་སྐབས་ལེན་དགོས་ཀྱི་འདུག་ཅེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དེ་གཅིག་ཞུ་འདོོད་བྱུང།

དེ་བཞིན་ང་ཚོའི་གྲོས་ཚོགས་འདི་ཚོགས་ཚར་བའི་རྗེས་ལ་སྤྱི་འཐུས་རྣམ་པ་ས་བགོས་ཀྱིས་ཕྱོགས་སྐྱོད་ལ་ཕེབས་ཀྱི་ཡོད་རེད། གཙོ་བོ་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་བོད་མིའི་གནས་སྟངས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། དེ་བཞིན་མང་ཚོགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། གཞན་ཡང་འཚོ་བའི་གནས་སྟངས་ཐོག་ལ་ང་ཚོས་གཟིགས་ཞིབ་གནང་རྒྱུའི་ལས་རིམ་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། དེ་ཡིན་དུས། མི་མང་རྣམ་གྱི་ངོས་ནས་ཀྱང་མ་བསྐུལ་ཉམ་ཞུགས་དང་ཆ་ཤས་ལེན་ཐུབ་རྒྱུ་ལ་ང་ཚོས་རེ་བ་བྱེད་ཀྱི་ཡོད་ཅེས་དེ་ཞུ་འདོད་བྱུང་།

གནད་དོན་གཞན་ཞིག་ལ་གྲོས་ཚོགས་ཚོགས་ཐེངས་འདིའི་ཐོག་ལ་སྤྱི་འཐུས་རྣམ་པ་རེ་གཉིས་ཙམ་གྱིས་ཉིན་གཉིས་གསུམ་དགོངས་པ་ཞུས་པ་རེད་མ་གཏོགས། གྲོས་ཚོགས་ལ་སྤྱི་འཐུས་ཚང་མ་བཅར་ཐུབ་ཡོད། དེ་ཡིན་དུས། སྤྱི་འཐུས་རྣམ་པ་ཚོས་འགན་འཁུར་བཞེས་ཕྱོགས་ཀྱི་ཐོག་ལ་ཡག་པོ་གནང་སོང། དེ་ལ་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་དང།

དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཀྱང་བཀའ་བློན་རེ་གཉིས་ཚོགས་ཐེངས་རེ་གཉིས་ཙམ་ཛ་དྲག་གིས་ཚོགས་འདུ་བཅས་ལ་ཕེབས་དགོས་བྱུང་བ་རེད་མ་གཏོགས་མང་བ་དེ་གྲོས་ཚོགས་ལ་རྟག་བཅར་གནང་བ་དང། དེ་བཞིན་ལས་རིམ་གྱི་ཆ་ཤས་བཞེས་རྒྱུ་ཐོག་ལ་ཡག་པོ་བྱུང་སོང་ཞེས་དེ་ཡང་གཅིག་ཞུ་རྒྱུ་ཡིིན།

མ་འོངས་པར་ང་ཚོ་གྲོས་ཚོགས་ཚོགས་པའི་ལས་ཉིན་དེ་ཚོ་ཟླ་བ་བཞི་ལྔ་ཙམ་ནས་ང་ཚོས་ཡོངས་བསྒྲགས་ཟིན་པ་དང་གཏན་འཁེལ་གྱི་ཡོད་རེད། དེ་ཡིན་དུས། དུས་ཚོད་དེའི་རིང་ལ་མཛད་འཆར་གཞན་མ་སྒྲིག་པའི་ཐོག་ནས་གྲོས་ཚོགས་སུ་མཉམ་ཞུགས་དང། འགན་འཁུར་བཞེས་ཐུབ་པ་དགོས་རྒྱུར་འབད་བརྩོན་གནང་དགོས་འདུག་ཅེས་ཞུ་རྒྱུ་ཡིན།

དེ་ནས་གྲོས་ཚོགས་འདི་གྲོལ་བའི་ཟླ་དྲུག་གི་རྗེས་ལ་དཔལ་ལྡན་བཀའ་ཤག་ལྷན་རྒྱས། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་གཟུགས་ཁམས་བདེ་ཐང་གི་ཐོག་ནས་སླར་ཡང་ལྷན་འཛོམས་དང། སླར་ཡང་ང་ཚོའི་ལས་དོན་གྱི་ཐོག་ལ་མཉམ་ཞུགས་ཡོང་ཐུབ་རྒྱུའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།

གྲོས་ཚོགས་འདི་གང་ལ་གང་འཚམ་ཚགས་ཚུད་པོ་དང། ཞིབ་ཚགས་པོ་ཡག་པོ་ཞིག་འགྲོ་སོང་སྙམ། དེ་ཡིན་དུས་དེ་ཚོའི་ཐོག་ལ་ཡིག་ཆའི་མཐུན་འགྱུར་གནང་མཁན་གཙོ་བོ་ཚོགས་དྲུང་གིས་གཙོས་པའི་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ཀྱི་དཀའ་ལས་ཧུར་ཐག་འབད་ཐག་གནང་ཡོད་རེད། དེ་བཞིན་ང་ཚོས་གྲོས་ཚོགས་འདིའི་ལས་རིམ་ཕྱི་གསལ་ནང་གསལ་དྲ་རྒྱའི་ཐོག་ནས་ཐད་གཏོང་གནང་མཁན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་རེད། དེ་ཚོའི་ཐོག་ནས་ཉིན་མཚན་ལྟོས་མེད་ཀྱིས་ཐུགས་འཁུར་ཆེན་པོའི་ངང་ཕྱག་ལས་ཡག་པོ་གནང་སོང། དེ་ཡིན་དུས་གོ་སྐབས་འདི་བརྒྱུད་ནས་ཚོགས་གཙོ་གཉིས་ཀྱིས་ངོས་ནས་ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

Menu