ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ་ཉིན་གྱི་ཉིན་གུང་ཙམ་ལ་བོད་མདོ་སྨད་མཛོད་དགེ་རྫོང་ཨ་སྐྱིད་སེ་ར་དགོན་པའི་གླིང་སྐོར་དུ་རྒྱལ་གཅེས་དཔའ་མོ་བསོད་ནམས་མཚོ་ཡིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་ལ་རང་དབང་ཡོད་དགོས་བ་དང་། ༧རྒྱལ་དབང་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་དགོས་ཚུལ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་རྗེས་སྐུ་གྲོངས་འདུག ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་རིགས་བུད་མེད་བསོད་ནམས་མཚོ་ནི་དེང་སྐབས་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་གྱི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་མདོ་ཚ་སྡེ་བ་ནས་ཡིན་ཞིང་འདི་ལོ་དགུང་ལོ ༥༠ ཡིན་འདུག ཁོང་མོའི་ཁྱོ་གའི་མིང་ལ་སྐལ་བཟང་རྒྱ་མཚོ་ཟེར་བ་དང་། ཁོང་གཉིས་ལ་བུ་མོ་གསུམ་ཡོད་འདུག སྐུ་ལུས་མེར་བསྲེགས་གནང་སྐབས་དགོན་པའི་དགེ་འདུན་པ་ཞིག་དང་ཁོང་མོའི་བཟའ་ཟླ་གཉིས་ཀྱིས་མེ་གསོད་ཐབས་བྱས་ཏེ་དགེ་འདུན་པ་ཞིག་གི་གྲ་ཤག་ལ་འཁྱེར་ཡོད་པ་དང་། དེ་ནས་སྨན་ཁང་ལ་འཁྱེར་ཐབས་གནང་ཡང་ཕན་འབྲས་མ་ཐོན་པར་འདས་གྲོངས་སུ་ཕྱིན་འདུག།
གནས་ཚུལ་འདི་ས་གནས་རྒྱ་གཞུང་ཉེན་རྟོག་པ་ཟེར་བའི་ཤེས་རྟོགས་བྱུང་རྗེས། དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་དང་ཁོང་གི་བཟའ་ཟླ་གཉིས་ཐེངས་ཁ་ཤས་ལ་སྐོང་འགུག་དང་བཀག་ཉར་བྱས་ཏེ་འདྲི་རྩད་བྱས་ཡོད་པ་མ་ཟད། ཁ་པར་ནང་གི་པར་རིས་སོགས་ཀྱང་བསུབ་ཏུ་བཅུག་ཡོད་པ་དང་། དེ་བཞིན་དུ་ཁོང་མོའི་ཁྱིམ་ཚང་དང་སྡེ་བའི་ནང་སོ་ལྟ་བྱེད་མཁན་མི་སྣ་གསར་འཛུགས་བྱས་པ་མ་ཟད། གལ་ཏེ་དེའི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་གྱར་ཚེ་སྲིད་གཞུང་ནས་སྐྱོབ་གསོ་རིགས་བཀག་འགོག་བྱ་རྒྱུ་ཡིན་པ་སོགས་ཕྱོགས་གང་ས་ནས་དམ་དྲག་ཤུགས་ཆེན་བྱས་པ་དང་མི་མང་པོ་ཞིག་གིས་མཐོང་མེད་པ་བཅས་ཀྱི་རྐྱེན་གྱིས་དུས་ཐོག་རྒྱལ་སྤྱིའི་གསར་ལམ་ཁག་དང་འབྲེལ་ཡོད་གཞུང་སྒེར་ཚོགས་སྡེ་ཁག་ལ་གནས་ཚུལ་མཁོ་སྤྲོད་ཐུབ་མེད།
རྒྱལ་གཅེས་དཔའ་མོ་བསོད་ནམས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༤༤ པ་དེ་ཡིན་པ་དང། ཕྱི་ལོ་ ༢༠༡༦ ལོར་བོད་ནང་དུ་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་གཉིས་པ་དེ་ཆགས་ཀྱི་ཡོད། རྒྱ་གཞུང་གིས་དྲིལ་བསྒྲགས་དང་གསར་འགྱུར་བརྒྱུད་ལམ་སོགས་སུ་མི་རིགས་འཆམ་མཐུན་སོགས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་མི་ཚོ་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་བཏང་དྲགས་ནས། རང་གི་དྲིན་ཆེན་ཕ་མ་དང་། གཅེས་པའི་ཕྲུ་གུ། ལུས་སྲོག་ལོངས་སྤྱོད་ཚུན་ཆད་བློས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་བྱུང་ཡོད།
རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་དང་བསམ་ཤེས་ཀྱི་འགན་འཁུར་གང་ཡང་མེད་ཁར་ཁོང་རྣམ་པར་དམའ་འབེབས་དང་། དེའི་འབྱུང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ནས་སྐུལ་སློང་བྱས་ཚུལ་གྱི་བསྙོན་དཀྲི་བྱེད་པ། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཕྱི་གྱར་མི་འགྲོ་བར་སྦས་ཐབས་བྱེད་པ། རང་ལུས་མེར་བསྲེགས་གནང་ཡུལ་དགོན་གྲོང་ཁག་ཏུ་དམ་དྲག་ཅི་ཆེའི་ངང་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང༌། ཐ་ན་མི་བསད་ཀྱི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་བརྩི་སྲུང་བྱ་རྒྱུ་ལྟ་ཞོག མང་གཙོ་དང༌། རང་དབང༌། དྲང་བདེན་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། དབུ་འཁྲིད་རྣམ་པ། ཚོགས་སྡེ་སོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་འཇོག་དང་འབོད་སྐུལ་ཇི་གནང་ལ་བརྩི་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་དོན་དངོས་ལ་གཞིགས་པའི་བོད་དོན་དཀའ་རྙོག་སེལ་འདོད་ཡོད་པ་དང། བོད་ཁུལ་ཞི་བདེ་དང་བརྟན་ལྷིང། བོད་རྒྱ་ཆེའི་མང་ཚོགས་རྣམས་བློ་བདེ་བག་ཕེབས་ཀྱི་ངང་འཚོ་བ་སྐྱེལ་དུ་འཇུག་འདོད་ཡོད་ཚེ། རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་དང་བོད་མི་ཞི་རྒོལ་བ་ཡོངས་ཀྱིས་གཙོས་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ལ་བདག་སྤྲོད་ཡོད་པའི་ཐོག་ནས། ད་ལྟ་བོད་ཐོག་འཛིན་པའི་དྲག་གནོན་གདུག་རྩུབ་ཀྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང། བོད་རྒྱའི་དཀའ་རྙོག་གང་མགྱོགས་སེལ་ཐབས་ཡོང་བར་མངོན་ལྐོག་རྒྱབ་མདུན་མེད་པའི་སྲིད་བྱུས་ཤིག་ཅི་ནས་ཀྱང་བསྐྲུན་ཐབས་བྱེད་དགོས་རྒྱུར་ནན་སྐུལ་བྱེད་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ ༥ ཚེས་ ༡༢ ལ།