ཕྱི་ཚེས་ ༡༩ ཉིན་ཝར་ཎ་ཁུལ་དུ་མཆོད་འབུལ་སྨོན་ལམ་གྱི་གཞུང་འབྲེལ་ལས་འགུལ་བརྩི་སྲུང་ཞུས་པའི་ཁ་སྐོང་གནས་ཚུལ།

སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཝཱ་ཎ་མཐོ་སློབ་ཀྱི་དགེ་སློབ་ལས་བྱེད། ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན། གཞན་བོད་མི་ཚོང་པ་བཅས་སེར་སྐྱ་མང་ཚོགས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་ཟས་བཅད་མཆོད་འབུལ་སྨོན་ལམ་གནང་བ།

ཕྱི་ཟླ་༡༠ ཚེས་༡༩ ཉིན་སྔ་དྲོ་ཆུ་ཚོད་༨།༠༠ ནས་དགོང་དྲོ་ཆུ་ཚོད་༨།༠༠ བར། བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད། བཀའ་སྤྱི་ཐུན་མོང་ནས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་སྤེལ་དགོས་པའི་ལམ་སྟོན་ཕེབས་དགོངས་བཞིན། ཝཱ་ཎ་རང་ས་གནས་རང་བདེན་ཚོགས་ཆུང་། དང་བླངས་རུ་ཁག ཧིན་བོད་མཛའ་འབྲེལ་ཚོགས་པ། མཐོ་སློབ་ཀྱི་དགེ་སློབ་ལས་བྱེད་རྣམས། ཉེ་སྐོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ། བོད་མི་ཚོང་པ་ཁག སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ། བོད་མི་མང་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་བཅས་རྒྱ་ཆེའི་སེར་སྐྱ་མང་ཚོགས་མི་གྲངས་སུམ་བརྒྱ་བརྒལ་བ་འདུ་འཛོམས་ཀྱིས།
༡༽ སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ནས་མར་མེ་སྒྲོན་འབུལ་དང་།
༢༽ ཚང་མས་སྐུ་བཞེངས་ཐོག་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་དང་།
༣༽ མྱུ་ངན་གུས་འདུད་ངག་བཅད་སྐར་མ་གཉིས་རིང་དང་།
༤༽ དེ་རྗེས་ཆུ་ཚོད་གཅིག་རིང་སྨོན་ལམ་ཞལ་འདོན།
༥༽ དེ་རྗེས་སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཏམ་བཤད་དང་། བཀའ་སྤྱི་གཉིས་ལྷན་ཚོགས་ཀྱིས་གཏན་འབེབས་ལས་འགུལ་སྐབས་ཀྱི་བསྲུང་བྱ་ཁག་ངོ་སྤྲོད་བྱས།
༦ ༽ ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་བྱམས་པ་བསམ་གཏན་ནས་ཧིན་སྐད་ཐོག་ཛ་དྲག་གི་གནས་སྟངས་ངོ་སྤྲོད་གནང་།

༧༽ སྤྱི་ཟུར་བེ་རི་འཇིགས་མེད་ལགས་ནས་གཏམ་བཤད་གནང་།

༨༽ ཧིན་བོད་མཛའ་འབྲེལ་ཚོགས་པའི་དབུ་འཛིན་སློབ་དཔོན་བློ་བཟང་ནོར་བུ་ལགས་ནས་ཧིན་སྐད་ཐོག་གསུང་བཤད་གནང་།

༩༽ སློབ་དཔོན་པདྨ་བསྟན་འཛིན་ལགས་ནས་གསུང་བཤད་གནང་བ་དང་།

༡༠༽ དེ་རྗེས་མཐོ་སློབ་ཆེན་མོའི་སློབ་ཕྲུག་གི་འགན་འཛིན་ཚོས་གཏམ་བཤད་གནང་།

ཞོགས་པའི་ཆུ་ཚོད་བཅུ་གཅིག་སྟེང་ལས་དོན་ནང་ཞུགས་པའི་སྐྱ་སེར་ཀུན་ནས་རང་ལུས་ཀྱི་ཟུང་ཁྲག་བཏོན་ནས་རས་དཀར་སྟེང་འཆི་ལ་ཉེ་བའི་བོད་དོན་སྐྱོབ་རོགས་ཞེས་པའི་ཡིག་གཟུགས་ཧིན་བོད་དབྱིན་རྒྱ་བཞི་ཡི་ཐོག་བྲིས་པའི་སྟེང་ལས་འགུལ་བ་ཚང་མས་ས་རྟགས་བཀོད།

ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་རྒྱ་གར་གྱི་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ལམ་ཆེ་ཁག་དང་། གསར་ཤོག་བརྒྱུད་ལམ་ཆེ་ཁག་ཉི་ཤུ་ལྷག་དང་ལྷན་དུ་ད་ཡོད་བོད་ཀྱི་གནས་སྟངས་འུ་ཐུག་ཐབས་ཟད་དུ་ལྷུང་བའི་དངོས་ཡོད་གནས་ཚུལ་སྐོར་ངོ་སྤྲོད་དང་། དྲི་བ་དྲི་ལན་བྱས།

ཕྱི་དྲོ་ཆུ་ཚོད་ལྔ་པ་མ་ཟིན་ཙམ་ནས་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་བོད་ཀྱི་གནས་སྟངས་དངོས་དོན་དང་མཐུན་པའི་གཏམ་བརྗོད་ཟློས་གར་ཁག་གཉིས་འཁྲབ་སྟོན་གནང་།

སླར་ཡང་དགོང་མོ་ཆུ་ཚོད་བདུན་པའི་སྟེང་བོད་ཀྱི་བདེན་དོན་ཆེད་སྔར་ནས་ད་བར་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་བ་སྨོན་ལམ་ཟབ་རྒྱས་ཞུས།

དགོང་མོ་ཆུ་ཚོད་བརྒྱད་པའི་སྟེང་ཚོགས་ཞུགས་པ་ཡོངས་ནས་ཚད་མེད་ཡོན་ཏན་གདངས་སུ་གྱེར་བཞིན་མར་མེའི་ཁྲོམ་སྐོར་ཟབ་རྒྱས་ཞུས་པ་བཅས། །

Menu