ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དྲྭ་རྒྱ་བརྒྱུད་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད་གནང་བ།

༄༅། །ཕ་རན་སི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་དང་། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་འཁེལ་བ་དང་སྟབས་བསྟུན། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་དྲྭ་ལམ་ནས་ཐད་གཏོང་བརྒྱུད་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གདན་ཞུས་ལྟར་མཉམ་ཞུགས་ཀྱིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གསུང་བཤད་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་ ༣༡ དང་། འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ ༧༢ པ་དེའི་མཛད་སྒོ་དང་སྟབས་བསྟུན། ཕ་རན་སི་བོད་རིགས་ཚོགས་པ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་གནང་བ་དང་། མཛད་སྒོ་འདིར་ཕྲན་རང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཡོལ་དུ་མེད་པའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་སྐར་མ་བཅུའི་ནང་ཤོད་དགོས་ཞེས་ཕེབས་པ་ལྟར། རྩ་བའི་ཕྲན་ལྟ་བུས་༧རྒྱལ་བའི་དགོངས་པ་མུ་མཐའ་མེད་པ་དེ་དག་གི་ཐོག་སྐད་ཆ་བཤད་ན་མི་འཚམས་པ་ལྟ་བུ་མཐོང་གི་འདུག་ནའང། རྣམ་པ་ཚོས་བཀའ་གནང་བ་དེ་བཞིན་ཟློག་མི་ཤེས་པའི་ཐོག་ནས་མདོར་བསྟན་གྱི་ཚུལ་དུ་ཞུ་ཁུལ་བྱ་རྒྱུ་ཡིན། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་༧རྒྱལ་དབང་གོང་མ་ཐམས་ཅད་ཀྱི་མཛད་འཕྲིན་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ནས་བསྡུར་བ་ཡིན་ནའང་བསྡུར་ཐབས་མེད་པ་ཞིག་ཆགས་བསྡད་ཡོད།

ཐུགས་བསྐྱེད་དམ་བཅའ་དང་པོ། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིར་ཞབས་འདེགས་ཇི་ལྟར་འགྲུབ་དགོས་པའི་དགོངས་པ་བཞེས་པའི་ཐོག་ནས། འགྲོ་མི་ཐམས་ཅད་བདེ་བ་འདོད་པ་དང། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ། དེར་ཆོས་ཁས་ལེན་དང་མི་ལེན་གྱི་དབྱེ་བ་མེད་པ། ཆོས་ཁས་ལེན་མཁན་ལ་བདེ་བ་དགོས་པ་ཇི་བཞིན་ཆོས་ཁས་མི་ལེན་མཁན་ཚོར་ཡང་བདེ་བ་དགོས་པ་དང། སྡུག་བསྔལ་མི་འདོད་པ། བདེ་བ་དེ་ཡང་ཕྱི་དངོས་པོའི་བདེ་བ་ལྟར་སྣང་བ་ཙམ་མིན་པར། ནང་སེམས་ཀྱི་བདེ་བ་དེ་གཙོ་བོ་ཆེ་བ་ཡིན་པ། དེ་ལྟར་ཡིན་དུས་བདེ་བའི་རྒྱུ་བསྒྲུབ་དགོས་པ་དང། སྡུག་བསྔལ་གྱི་རྒྱུ་སྤོང་དགོས་པ་ཡིན། ལྷག་པར་དུ་རང་ལ་ཆགས་པ་དང་གཞན་ལ་སྡང་བའི་རྒྱུ་དེས་འབྲས་བུ་སྡུག་བསྔལ་འབའ་ཞིག་ཡོང་གི་ཡོད་པ། མིར་རྣམ་དཔྱོད་གཞན་དང་མི་འདྲ་བ་ཡོད་པ། རྣམ་དཔྱོད་དེ་བེད་སྤྱོད་ཚུལ་བཞིན་བེད་སྤྱོད་བཏང་ན་རང་ཙམ་མིན་པར་འགྲོ་བ་སེམས་ཅན་སྤྱི་ལ་ཕན་བདེ་རླབས་པོ་ཆེ་བསྒྲུབས་ཐུབ་ཀྱི་ཡོད་པ། རྣམ་དཔྱོད་དེ་ཚུལ་བཞིན་བེད་སྤྱོད་མ་བཏང་ན་རང་ཙམ་མ་ཡིན་པར་སྐྱེ་འགྲོ་མང་པོ་ལ་སྡུག་བསྔལ་ཟད་མཐའ་མེད་པ་སྤྲད་ཀྱི་ཡོད། རང་གཞན་རོགས་གསུམ་ཚང་མར་བདེ་བ་བསྒྲུབ་པར་བཟང་པོའི་སྤྱོད་པ་ལ་བསྟེན་དགོས་པ་དང། ངན་པའི་སྤྱོད་པ་རྣམས་འདོར་དགོས། བཟང་སྤྱོད་ནང་ཐོག་མ་ཉིད་ནས་རང་ཆས་སུ་ཡོད་པ་ནི་བྱམས་པ་དང་བརྩེ་བ་ཡིན། བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཡང་ནང་པའི་ངོས་ནས་བཤད་པ་ཡིན་ན། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་འཇུག་པ་མཛད་པའི་སྐབས་སུ་དང་པོ་ཉིད་ནས་མཆོད་བརྗོད་དུ། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པར་འཁྱམས། །འགྲོ་ལ་སྙཱིང་རྗེས་གྱུར་གང་དེ་ལ་མཆོད། ཅེས་གསུངས་ཡོད། དེས་གང་ཞིག་སྟོན་གྱི་ཡོད་དམ་ཞེས་ན། ང་དང་ང་ཡི་བའི་འཛིན་པ་དེས་རང་དབང་གང་ཡང་མེད་པར་འཁོར་བའི་ནང་འཁྱམས་ཀྱི་ཡོད་པ། འཁོར་བ་ལ་གནས་ཕྱིན་ཆད་སྡུག་བསྔལ་ཁོ་ན་ལས་བདེ་བ་མེད་པ། དེས་ན་འཁོར་བ་ལས་ཐར་དགོས་ཀྱི་ཡོད་པ། ཐར་བར་བྱེད་པར་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྐབས་ལའང་སྙིང་རྗེ་དགོས་ཀྱི་ཡོད་པ། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྐབས་ལའང་སྙིང་རྗེ་དགོས་པ། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་སྐབས་ལའང་སྙིང་རྗེ་དགོས་པ། དེ་ལྟར་ན་སྙིང་རྗེ་ལ་ཕྱག་འཚལ་གྱི་ཡོད་གསུངས། རང་ཉིད་ཀྱི་རྒྱུད་ལ་བཅོས་མིན་གྱི་བྱམས་བརྩེ་ཡོད་ན་དངོས་ཤུགས་རྒྱུད་གསུམ་ནས་གཞན་ལ་གནོད་པའི་ཀུན་སློང་དང་བྱ་བ་ཡོང་གི་མེད་པ་རེད། གཞན་ལ་གནོད་པའི་ཀུན་སློང་དང་བྱ་བ་མ་བྱས་ན་རང་ལ་ཡང་བདེ་སྐྱིད་ཡོང་བ་དང། གཞན་ལའང་བདེ་སྐྱིད་ཡོང་བ། དེ་རིང་ཁ་སང་གི་སློབ་འཁྲིད་བྱེད་ཕྱོགས་ཀྱི་སློབ་ཚན་ཚང་མ་ཕྱི་དངོས་པོ་ཡར་རྒྱས་གཏོང་ཕྱོགས་མ་གཏོགས་ནང་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ཀྱི་སློབ་ཚན་མེད། དེས་རང་རྒྱལ་གཞན་ཕམ། ང་རྒྱལ། ཕྲག་དོག མགོ་སྐོར། བསླུ་ཁྲིད་ལ་སོགས་ཡོང་གི་ཡོད་པ། དེའི་འབྲས་བུར་སྡུག་བསྔལ་འབའ་ཞིག་ཡོང་གི་ཡོད་པ། ནང་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ཐད་༧གོང་ས་མཆོག་ནས་གསར་བཏོད་ཀྱིས་ཚུལ་དུ་བཟང་སྤྱོད་དམ་བྱམས་བརྩེ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ཏུ་འཇུག་དགོས་པ། དེའི་ཆེད་དུ་འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན། (Universal Responsibility) སྟོང་ལོ་གསར་པའི་བཟང་སྤྱོད། (Ethics for the New Millennium) ཆོས་དང་མ་འབྲེལ་བའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། (Beyond Religion: Ethics for a whole world) ཨ་རི་ཨེ་མུ་རི་མཐོ་སློབ་དང་ལྷན་ SEE Learning ཞེས་པ་སྤྱི་ཚོགས་དང། ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོ་དེ་བཞིན་དེང་གི་ཆར་ཨ་རི་དང། ཁེ་ན་ཌ། རྒྱ་གར་ལ་སོགས་ཡུལ་གྲུ་མང་པོའི་སློབ་ཚན་གྱི་ཆ་ཤས་སུ་བཞག་ཡོད། དེ་དག་ནི་འབྱུང་འགྱུར་གྱི་མི་རབས་གསར་པ་ཚོར་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན།

གཉིས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་པ་ཞིག་ཡིན་པ་དང། དེ་ཡང་ནང་པའི་ཆོས་ཀྱི་དབུ་འཁྲིད་ཅིག་ཡིན་པའི་ཆ་ནས། ཆོས་ལུགས་འདྲ་མིན་ཚང་མ་ཕན་ཚུན་མཐུན་བསྒྲིལ་དགོས་པ། འཛམ་གླིང་འདིའི་ནང་ཆོས་ལུགས་འདྲ་མིན་ཡོད་པ། འཇིག་རྟེན་བཀོད་པ་པོར་ཁས་ལེན་མཁན་ཞིག་ཡིན་ནའང་རེད། འཇིག་རྟེན་བཀོད་པ་པོར་ཁས་མི་ལེན་མཁན་ཞིག་ཡིན་ནའང་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་དང། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། ཆོག་ཤེས་སོགས་གཅིག་འགྱུར་གྱི་ཁས་ལེན་བྱེད་ཀྱི་ཡོད་པ། ཆོས་ལུགས་ཚང་མའི་དམིགས་ཡུལ་ནི་གཞན་གྱི་སྡུག་བསྔལ་མེད་པ་བཟོ་ཐབས་དང། བདེ་བ་མངོན་དུ་བསྒྲུབ་རྒྱུ་དེ་ཡིན་པ། དེས་གདུལ་བྱ་སོ་སོའི་བློ་དང། བསམ་པ། མོས་པ་ལ་འཚམས་པའི་ཕན་ཐོགས་ངེས་ཅན་ཡོད་པ། སྟོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་སོ་སོའི་བློ་མོས་དང་འཚམས་པའི་ལམ་བསྟན་ཡོད་པ། དེ་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་ནང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སོ་སོར་ཡོད་པ། ཆོས་ལུགས་དེ་དག་ཚང་མ་ལོ་ངོ་སྟོང་ཕྲག་ནང་འཛམ་བུ་གླིང་འདིར་གནས་ཡོད་པ། དེས་ན་ལམ་སྟོན་གནང་སྟངས་མི་འདྲ་བ་ཙམ་ལས་དམིགས་ཡུལ་དང་བསྒྲུབ་བྱ་གཅིག་འགྱུར་ཡིན་པར་སོང། ཆོས་ལུགས་ཕན་ཚུན་མཐུན་བསྒྲིལ་དང་ཕན་ཚུན་གུས་ཞབས་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན་པ། དེང་འཛམ་གླིང་འདིའི་ནང་ཆོས་ལུགས་ཀྱི་མིང་ཐོག་ནས་ཕན་ཚུན་འཐབ་རྩོད་དང་དམག་འཁྲུག་ལ་སོགས་ཡོང་དང་ཡོང་བཞིན་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་ཡིན་པ། ཇི་སྲིད་འཛམ་གླིང་འདི་མ་འཇིག་པ་དེ་སྲིད་དུ་རང་ཉིད་ཀྱི་དད་མོས་བྱེད་སའི་ཆོས་ལུགས་ཙམ་ལས་ཆོས་ལུགས་གཞན་རྣམས་མེད་པར་བཟོས་རྒྱུ་ནི་དེ་སྔ་ཡང་བྱུང་མྱོང་མེད་ལགས། མ་འོངས་པར་དེ་ལྟར་ཡོང་ཐབས་མེད། དེ་བས་འཆམ་མཐུན་བྱས་པའི་ཐོག་ནས་མཉམ་གནས་བྱས་ན་སོ་སོའི་ཆོས་ལུགས་གང་ཡིན་དེའི་དམིགས་ཡུལ་བསྒྲུབ་ཐུབ། ༧གོང་ས་མཆོག་གང་ཉིད་ནས་ཀྱང་འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཚང་མའི་དགོན་པ་ལ་སོགས་པའི་ནང་ཆིབས་སྒྱུར་གྱིས་སྐུ་ཕྱག་ཕུལ་བ། ཐུགས་སྨོན་མཛད་པ། བཀའ་སློབ་གནང་བ་སོགས་ང་རང་ཚོས་ལན་མང་མཇལ་བཞིན་པ་དེ་ལྟར་རེད།
གསུམ་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་པ་ཞིག་ཡིན་པ་དང། དེའི་ནང་ནས་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། བོད་མི་ཚང་མས་ཁོང་ལ་དད་པ་ཡིད་ཆེས་བྱེད་ཀྱི་ཡོད་པའི་ཆ་ནས། བོད་དོན་བདེན་མཐའ་གསལ་ཐབས། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་དང་སྲུང་སྐྱོབ་གནང་རྒྱུ། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུའི་ཐུགས་འགན་ཡོད་པར་བརྟེན། བོད་དོན་བདེན་མཐའ་གསལ་ཐབས་ལྟ་བུར་མཚོན་ན། ཐོག་མར་བཙན་བྱོལ་ལ་གྱར་ཙམ་སྐབས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་སྔ་རྗེས་ཞུ་གཏུགས་གནང་བ་དང། གཞིས་ཆགས་གསར་འཛུགས། བོད་སློབ་ཟུར་འཛུགས། བོད་རྒྱ་འབྲེལ་མོལ་རིམ་པར་གནང་བ། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ཏུ་བོད་དོན་ཞུ་གཏུགས། བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་ལ་སོགས་གནང་བ་དང། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་སླད་དུ། དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱིས་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་ཚད་ལྡན་གནང་དགོས་སྐོར་བཀའ་སློབ་རབས་དང་རིམ་པར་སྩལ་གནང་བ། དེ་བཞིན་བོད་ཀྱི་སྐད་ཡིག་གི་ཐོག་ལ་ཡང་བོད་ཀྱི་སྐད་ཡིག་ནི་བོད་པའི་རིག་གཞུང་གི་བླ་སྲོག་ལྟ་བུ་ཡིན་སྐོར་དང་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་དག་བོད་སྐད་ཁོ་ནའི་ཐོག་ཡོད་པ་དང། དེང་སང་འཛམ་གླིང་འདིའི་ནང་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་དགོས་བྱུང་ཚེ་བོད་སྐད་ཁོ་ནའི་ཐོག་ནས་མ་གཏོགས་སྐད་ཡིག་གཞན་ཐོག་མེད་སྐོར་ལ་སོགས་བཀའ་སློབ་རིམ་པར་སྩལ་ཡོད། བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་ཀྱིས་གནའ་བོའི་གསོ་རིག་དང་དེང་དུས་གསོ་རིག་ཐོག་ཉམས་ཞིབ་ཀྱིས་ཚན་རིག་དང་མཐུན་པ་བཟོ་དགོས་པའི་བཀའ་སློབ་རབས་དང་རིམ་པར་སྩལ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཟོས་དང་བཟོ་བཞིན་པར་བོད་ཀྱི་ཁོར་ཡུག་དེ་བཞིན་བོད་པ་ཙམ་མ་ཡིན་པར་ཨེ་ཤ་ཡའི་ཡུལ་གྲུ་མང་པོ་ཞིག་དང་འབྲེལ་བ་ཡོད་པར་སོང་། སྤྱིར་འཛམ་གླིང་སྤྱིའི་ཁོར་ཡུག་དང་ཡང་སྒོས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་བཀའ་སློབ་རབས་དང་རིམ་པར་སྩལ་དང་སྩོལ་བཞིན་ཡོད།
བཞི་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡོན་གནང་ས་དེ་རྒྱ་གར་གནའ་བོའི་རིག་གཞུང་ཡིན་པ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་རྗེས་འབྲངས་པ་ཞིག་ཡིན་པའི་ཆ་ནས། རིག་གཞུང་དེས་འཛམ་བུ་གླིང་འདིར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ། དེའི་ཕྱིར་རྒྱ་གར་གནའ་བོའི་རིག་གཞུང་སླར་གསོ་དགོས་པ། སླར་གསོ་དེ་ཡང་སློབ་སྦྱོང་བྱས་པའི་ཐོག་ནས་མ་གཏོགས་ཡོང་རྒྱུ་མེད་པ། དེ་ཡང་དཔལ་ན་ལན་ཌའི་གཞུང་ཆེན་དེ་དག་ཡིན་པ། གཞུང་ཆེན་དེ་ཚོའི་ནང་རྒྱ་གར་གྱི་གནའ་བོའི་སེམས་ཁམས་རིག་པ་དང་། ཚད་མའི་རྣམ་གཞག། ལྟ་གྲུབ་དང་འབྲེལ་བའི་སྒོམ་སྒྲུབ། ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་བཅས་དེང་གི་ཤེས་ཡོན་ལམ་ལུགས་དང་མཉམ་སྦྲེལ་གྱིས་བསྐྱར་གསོ་བྱས་ཏེ། བྱམས་བརྩེ་དང་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཐུབ་པར་ངོས་འཛིན་གནང་གི་ཡོད་པ། གཞུང་ཆེན་དེ་དག་ཀྱང་སྡེ་ཚན་གསུམ་དུ་དབྱེ་དགོས་པ། ནང་ཆོས་ནས་གསུངས་པའི་ཚན་རིག་གི་སྡེ་ཚན། ནང་ཆོས་ནས་གསུངས་པའི་ལྟ་གྲུབ་ཀྱི་སྡེ་ཚན། ནང་ཆོས་ཀྱི་ཉམས་ལེན་བཅས་སུ་དབྱེ་དགོས་པ། གོང་མ་གཉིས་ནང་པ་ཡིན་མིན་སུས་ཀྱང་སློབ་སྦྱོང་གནང་ན་ཕན་ལས་གནོད་མེད་པ། གསུམ་པ་དེ་བཞིན་ནང་པ་ཞིག་གིས་གནང་རྒྱུ་ཡིན་པ་སོགས་ཡིན། དུས་ཚོད་སྐར་མ་བཅུ་མ་གཏོགས་མེད་པར་སོང་འདི་གར་མཚམས་འཇོག་བྱ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་གནང་སོང་།

གཞན་ཡང་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དགའ་ལྡན་གླིང་ལྟེ་གནས་ཀྱི་འགན་འཛིན་དྭགས་པོ་རིན་པོ་མཆོག དགེ་སློང་མེད་ཐིའུ་རི་ཀཱ་ཌི་ (Matthieu Ricard) ལགས། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་དང་། ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇ་ཁུ་ལིན་ (Jacqueline Eustache-Brinio) མཆོག ཕ་རན་སི་གྲོས་ཚོགས་འཐུས་མི་དང་། ཕ་རན་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛེ་བྷི་ཐི་ (Elisabeth Toutut-Picard) མཆོག ཕ་རན་སི་རྒྱལ་ས་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་རོ་མེ་རོ་མ་ཡི་ཀེལ་ (Jean-Luc Romero-Michel) ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ནས་གསུང་བཤད་གནང་འདུག་པ་བཅས། །

Menu