‘ཕ་ཡུལ།’ ཞེས་པའི་གཏམ་བརྗོད་གཟིགས་ཕུད་འཁྲབ་སྟོན་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་བཅར་གྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༩ ཉིན་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་ནང་ ‘ཕ་ཡུལ།’ ཞེས་པའི་གཏམ་བརྗོད་གཟིགས་ཕུད་འཁྲབ་སྟོན་ཞུས་པ་དང་། གཏམ་བརྗོད་གསར་པ་དེ་བཞིན་བོད་ཀྱི་གཏམ་བརྗོད་ཚན་པའི་ངོས་ནས་ལོ་གསུམ་ཙམ་གྱི་དུས་ཡུན་ནང་ཞིབ་འཇུག་དང་། རྒྱ་གར་གྱི་གཏམ་བརྗོད་རྩོམ་པ་པོ་ཨ་བྷི་ཤིག་ མཱ་ཇུམ་དྷར་ (Abhishek Majumdar) ལགས་ཀྱིས་བྲིས་པ་ཞིག་རེད་འདུག

སྐབས་དེའི་གཏམ་བརྗོད་གཟིགས་འབུལ་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་རྒྱུན་ལས་མགོན་པོ་དོན་གྲུབ་མཆོག བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ་སོགས་ཆེད་ཕེབས་གནང་འདུག

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གནང་དོན། སྤྱིར་བཏང་གཏམ་བརྗོད་ལ་དངོས་བྱུང་དང་། དངོས་བྱུང་མིན་པའི་གཏམ་བརྗོད་ཅེས་དབྱེ་བ་མི་འདྲ་བ་ཡོད་ཅིང་། ད་ལྟ་འདིར་འཁྲབ་སྟོན་ཞུས་པ་དེ་དངོས་བྱུང་གི་གཏམ་བརྗོད་ཅིག་ཆགས་བསྡད་ཡོད་རེད། གཏམ་བརྗོད་འཁྲབ་སྟོན་གནང་མཁན་རྣམ་པ་རེད། སྒྲུང་འབྲི་སྟངས་རེད། དེ་ཚོའི་གྲས་ཕྱོགས་ཡོངས་ལ་ལྟ་དུས་སྒྱུ་རྩལ་གྱི་རྣམ་པ་ཡག་པོ་འདུག་པས། འབྲེལ་ཡོད་འཁྲབ་སྟོན་པ་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྩ་བའི་ད་ལྟ་འདིར་གཟིགས་རྒྱུ་ཡོང་པའི་གཏམ་བརྗོད་ཆུ་ཚོད་གཅིག་ཙམ་གྱི་དུས་ཚོད་རེད་དེ། ཁོང་རྣམ་པས་དེའི་རྒྱབ་ལོགས་ལ་སྦྱོང་བརྡར་དང་འབད་བརྩོན་སོགས་ཀྱི་དུས་ཚོད་མང་པོ་ཞིག་བཏང་ཡོད་པས། ཚང་མར་དམིགས་བསལ་གྱིས་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།

སྤྱིར་བཏང་རྒྱབ་ལྗོངས་འདྲ་པོ་ཞུས་པ་ཡིན་ན། ད་ལྟ་འཁྲབ་སྟོན་ཆུ་ཚོད་གཅིག་ཙམ་གྱི་གནས་སྟངས་དེ་ནི། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་གནས་སྟངས་ཤིག་དང་། འདི་ནས་ཡར་བརྩིས་པ་ཡིན་ན་ལོ་བདུན་བཅུ་ཙམ་གྱི་གནས་སྟངས་འདྲ་པོ་གཅིག་རེད། རྩ་བའི་དུས་རབས་དེའི་ནང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་རང་དབང་རང་བཙན་ཐོབ་པའི་དུས་ཚོད་ཅིག་ཆགས་བསྡད་ཡོད་ཅིང་། དཔེར་ན། ང་ཚོ་གནས་ཡུལ་གྱི་རྒྱལ་ཁབ་ལྟ་བུར་ཡིན་ན་ཡང་། རང་བཙན་ཐོབ་པའི་དུས་ཚོད་ཆགས་བསྡད་ཡོད་རེད། ཡིན་ན་ཡང་། སྟབས་མ་ལེགས་པ་ཞིག་ལ། སྐབས་དེར་རྒྱ་ནག་གུང་ཁྲན་དམར་ཤོག་གི་ལྟ་བ་རྒྱ་བསྐྱེད་བྱ་རྒྱུར་ཤུགས་ཆེན་པོ་ཡོང་བའི་དུས་གཅིག་དང་། སྐབས་དེ་དུས་ང་རང་ཚོའི་གནས་བབ་ཐོག་ནས་དེང་དུས་ཀྱི་བསམ་བློ་དང་མཐོང་རྒྱ་ཕྱི་ལོགས་ལ་རྒྱ་བསྐྱེད་བྱེད་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་གསལ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས། དེའི་ཐོག་ནས་ང་ཚོས་བློ་སྐྱེད་འདྲ་ལེན་རྒྱུ་ག་རེ་འདུག་ཟེར་ན། སྤྱིར་བཏང་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ལོགས་ལ། སེམས་ཤུགས་ནམ་ཡང་མ་ཆག་པར་གནས་དགོས་པ་དང་། འགོ་ཁྲིད་ཀྱི་ཐབས་ལམ་འདོན་རྒྱུའི་ནུས་པ་དེ་ཤུགས་ཆེན་པོ་ཡོད་དགོས་འདུག ད་ལྟ་ང་ཚོས་ཆུ་ཚོད་གཅིག་ཙམ་གྱི་གཏམ་བརྗོད་ནང་ལོགས་ནས་དེ་དག་གསལ་པོར་མཐོང་ཐུབ་རྒྱུ་འདུག དེ་ཡིན་དུས་མ་འོངས་པར་ང་ཚོས་དེ་ཚོའི་ཐོག་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག

གཞི་རྩའི་ང་ཚོ་བོད་རྒྱལ་ཁབ་འདིར་ལོ་ངོ་སྟོང་ཕྲག་མང་པོའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་ཡོད་པ། མེས་པོ་དམ་པ་རྣམ་པའི་སྙིང་སྟོབས་དང་མཛད་རྗེས་མིག་དཔེ་བལྟ་ས་ཡོད་པ་དེ་འདྲ་ཆགས་བསྡད་ཡོད་རེད། ང་ཚོས་དེ་ཚོར་མིག་དཔེར་བལྟས་ནས་མུ་མཐུད་མ་འོངས་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་སོ་སོའི་ཐོག་ནས་བློས་གཏོང་དང་། མེས་པོ་དམ་པ་ཚོར་ངོ་ནོངས་མ་དགོས་པ་ཞིག་བྱེད་དགོས་པ་དང་། སོ་སོའི་ངོས་ནས་དུས་རྒྱུན་ཏུ་ནས་བོད་མི་རིགས་ཀྱི་ཆེད་དུ་རིག་གཞུང་དང་། སྐད་ཡིག གོམས་གཤིས་དེ་ཚོ་རྒྱུན་འཛིན་གནང་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག དེ་རིང་གཏམ་བརྗོད་འདིའི་ཐོག་ནས་དམིགས་བསལ་ཚོར་སྣང་འདྲ་པོ་འདི་འདྲ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།

རྩ་བའི་གཏམ་བརྗོད་ནང་དངོས་སུ་འཁྲབ་སྟོན་གནང་མཁན་མི་བཅུ་ཙམ་འདུག དེའི་རྒྱབ་ལོགས་ལ་ལས་ཀ་བྱེད་མཁན་བཅས་ཁྱོན་མི་ཉི་ཤུ་རྩ་གཅིག་འདྲ་པོ་ཆགས་བསྡད་འདུག ཁོང་རྣམ་པའི་འབད་བརྩོན་ལ་བརྟེན་ནས། ང་རང་ཚོའི་མི་རབས་ཀྱི་འཐབ་རྩོད་དང་འབྲེལ་བའི་གཏམ་བརྗོད་འདིའི་ནང་ནས་ལེགས་ཆ་ལེན་དགོས་རྒྱུ་གཅིག་དང་། འཐབ་རྩོད་དེ་མི་ཉམས་པར་གནས་ཐུབ་རྒྱུར་སོ་སོའི་ངོས་ནས་བློས་གཏོང་དང་། བྱས་རྗེས་འཇོག་ཐུབ་དགོས་པ་དེ། གཏམ་བརྗོད་འདིའི་ཐོག་ནས་མིག་དཔེ་བལྟ་དགོས་པ་འདྲ་པོ་ཆགས་སོང་བསམ་གྱི་འདུག དེའི་ཐོག་ལ་ཚང་མས་སེམས་ཁུར་དང་། སོ་སོའི་ངོས་ནས་དུས་ཚོད་གཏོང་ཐུབ་དགོས་རྒྱུ་དེ་གནད་འགག་གཅིག་རེད་འདུག དེ་བཞིན་ད་ལྟའི་འཁྲབ་སྟོན་འདི་ལྟ་བུའི་ཐོག་ནས། ང་རང་ཚོ་མི་རིགས་རང་གི་ཐོག་ནས་འདུ་ཤེས་བརྟན་པོ་ཟིན་ཐུབ་དགོས་པ་དང་། མི་རིགས་ཀྱི་སྙིང་སྟོབས་བརྟན་པོ་ཟིན་ཐུབ་དགོས་པའི་གནས་སྟངས་གཅིག་སྟོན་གྱི་འདུག འདས་པའི་ལོ་ངོ་དྲུག་ཅུའི་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ལ་བལྟས་པ་ཡིན་ན། མི་གཅིག་གི་མི་ཚེའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། མི་རབས་གཅིག་གི་དུས་ཚོད་རྫོགས་འགྲོ་ཡི་ཡོད་རེད། དེ་འདྲའི་དུས་ཚོད་རྫོགས་འགྲོ་དུས། ང་རང་ཚོའི་དུས་ཚོད་འདིར་སྐབས་དེ་དུས་ཀྱི་བློས་གཏོང་ཆེན་པོའི་མྱོང་ཚོར་ཡོད་མཁན་གྱི་མི་མང་པོ་ཞིག་ང་ཚོ་དང་མཉམ་དུ་ཡོད་མ་རེད། ཁོང་རྣམས་མེད་པ་ཡིན་ནའང་། ང་ཚོས་སྐབས་དེ་དུས་བོད་ནང་དཀའ་ངལ་དང་གནས་སྟངས་གང་བྱུང་ཡོད་པ་རྣམས་སྣང་མེད་དུ་མ་བཞག་པར། རྒྱལ་ཁབ་དང་མི་རིགས་གཞན་ལ་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། ཏན་ཏན་གྱིས་བོད་དོན་ཐོག་ལ་རྒྱབ་སྐྱོར་དང་། སེམས་ཁུར་སླེབས་ཐུབ་པ། དེ་ཡང་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ། མི་རིགས་ཀྱི་ཁྱད་ཆོས་དང་། རིག་གཞུང་དམིགས་བསལ་འབུར་དུ་ཐོན་པ་ཞིག་ཡིན་པ་རྒྱལ་སྤྱིའི་སྤྱི་ཚོགས་ནང་གོ་བརྡ་སྤྲོད་ཐུབ་དགོས་པ། རིག་གཞུང་འཁྲབ་སྟོན་འདི་འདྲའི་ཐོག་ནས་དམིགས་བསལ་གྱི་ཚོར་སྣང་འདྲ་པོ་བསྐྲུན་ཐུབ་རྒྱུ་དང་། གཏམ་བརྗོད་ཀྱི་ལམ་ནས་མི་མང་པོ་འདུ་འཛོམས་གནང་ཐུབ་རྒྱུའི་སྡིངས་ཆ་ཡོད་དུས། མི་མང་པོ་འདུ་འཛོམས་ཀྱིས་ཐུགས་སྣང་སླེབས་ཐུབ་པའི་གནས་སྟངས་ཤིག་ཡོད་དུས། དེའི་ཐོག་ནས་ང་རང་ཚོ་མི་རིགས་ཀྱི་དཀའ་ངལ་གང་བྱུང་བ་རྣམས་མི་རིགས་གཞན་ལ་ངོ་སྤྲོད་ཞུ་རྒྱུར་དམིགས་བསལ་གཏམ་བརྗོད་དེ་ཧ་ཅང་གི་ཡག་པོ་འདུག དེ་ཡིན་དུས་མུ་མཐུད་ནས་མ་འོངས་པར་རྒྱལ་ཁབ་གཞན་དང་སྡིངས་ཆ་གཞན་གྱི་ཐོག་ལ་འཁྲབ་སྟོན་ཞུ་ཐུབ་རྒྱུར་ཚང་མས་འབད་བརྩོན་ཞུ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

མཐའ་མ་འདིར་ཞུ་རྒྱུར། རྒྱ་དམར་གྱིས་བོད་ནང་སྡུག་པོ་བཏང་དང་གཏོང་བཞིན་པ་དེ་དག་མི་སྤྱོད་ལས་འདས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ད་ལྟ་གཏམ་བརྗོད་ཀྱི་ནང་ལོགས་ལ། གླེང་མོལ་གནང་བའི་སྐབས་ལ། རྒྱ་དམར་གྱིས་བོད་ལ་སྡུག་པོ་གཏོང་སྟངས་དེ་ངའི་ཀླད་པའི་ནང་ཤོང་གི་མི་འདུག་ཟེར་བ་ལྟ་བུ། སྡུག་རྩུབ་བྱེད་མཁན་གྱི་ཐོག་ནས་བྱེད་སྟངས་དེ་མི་སྤྱོད་ལས་འདས་པ། སྡུག་རྩུབ་མྱོང་མཁན་གྱི་ཐོག་ནས་དཀའ་སྡུག་དེར་བཟོད་མ་ཐུབ་པའི་གནས་སྟངས་མི་སྤྱོད་ལས་འདས་པ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲའི་གནས་བབ་ཐོག་ནས་ང་ཚོའི་མི་རིགས་འདིར་དཀའ་ངལ་ཆེན་པོ་མྱངས་དང་མྱོང་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་དུས། ང་རང་ཚོའི་མི་རབས་འདིའི་ཐོག་ནས་མུ་མཐུད་འཐབ་རྩོད་ཐོག་ལེགས་སྐྱེས་འབུལ་རྒྱུར་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད་འདུག དེ་རིང་གི་གཏམ་བརྗོད་འཁྲབ་མཁན་དང་། སྒྲུང་ཕྱོགས་སྒྲིག་གནང་མཁན་རེད། ཚང་མ་ལོགས་ལ་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་གཏམ་བརྗོད་ལ་རིགས་གཅིག་གཟིགས་མོའི་འདུ་ཤེས་བྱས་ནས་ཕེབས་ཡོད་སྲིད་ཀྱི་རེད། མང་བ་གཅིག་དེ་རིང་ ’ཕ་ཡུལ།’གཏམ་བརྗོད་ཟེར་དུས། སེམས་ནང་དམིགས་བསལ་གྱི་ཚོར་བ་ཞིག་སླེབས་ཐུབ་ཀྱི་རེད་བསམ་ནས་ཡོང་བ་རེད་བསམ་གྱི་འདུག ང་རང་ཡང་དེ་འདྲའི་ཐོག་ནས་ཆེད་མངགས་བཅར་བ་ཡིན། དེ་ཡིན་དུས། ང་ཚོ་ཚང་མས་དེ་འདྲའི་ཚོར་བ་འདི་མ་ཡལ་བར་འདུ་ཤེས་དང་། ལ་རྒྱ་བརྟན་པོར་གནས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། ཚང་མ་ལོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བསྐྱར་དུ་གཏམ་བརྗོད་འཁྲབ་མཁན་རྣམ་པ་དང་། རྒྱབ་སྐྱོར་གནང་མཁན་རྣམ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་བཅས།