པན་ཇབ་དང་ཧར་ཡ་ན་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ལེགས་པར་གྲུབ་པ།

ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་གྷཱན་ ཅནྜ་ གུབ་ཏ་ (Shri. Gian Chand Gupta, Hon’ble Speaker of Haryana Legislative Assembly) མཆོག

༄༅། ། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མམཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ པའི་ཚེས་ ༢༦ ནས་ཟླ་ ༡༢ པའི་ཚེས་ ༣ བར་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། སྤྱི་ཁྱབ་བློན་ཆེན་གཞོན་པ། ནང་སྲིད་བློན་ཆེན། པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་དབུ་འཁྲིད་ཁག་དང་མཇལ་འཕྲད་ཀྱིས་པན་ཇབ་དང་། ཧར་ཡ་ན་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡ ཉིན་ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་གྷཱན་ ཅནྜ་ གུབ་ཏ་ (Shri. Gian Chand Gupta, Hon’ble Speaker of Haryana Legislative Assembly) མཆོག་གིས་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ལ་གཞུང་འབྲེལ་གྱིས་སྣེ་ལེན་གཟབ་རྒྱས་གནང་བ་ལྟར། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོའི་སྐུ་མགྲོན་སྣེ་ལེན་ཁང་དུ་མཇལ་འཕྲད་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པ་གསུམ་ནས་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་དང་སྦྲགས། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་པ་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཞལ་བཞེས་གནང་བ་དང་། དེ་ནས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྣེ་ཤན་ཐོག་སྤྱི་འཐུས་རྣམ་པ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གཟིགས་སྐོར་དང་།

དེ་བཞིན་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་མཆོག་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་རྣམ་གཉིས་ཀྱིས་གསར་འགོད་པ་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་དང་། གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།

དེ་ཉིན་ཕྱི་དྲོ་ཧར་ཡ་ན་མངའ་སྡེའི་ནང་སྲིད་བློན་ཆེན་སྐུ་ཞབས་ཨཱ་ནིལ་ ཝི་ཇེ་ (Shri Anil Vij; Hon’ble Minister of Homes, Health, Ayush and Medical Education & Research of Haryana) མཆོག་དང་ལྷན་ཁོང་གི་ཡིག་ཚང་དུ་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། བློན་ཆེན་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག

ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ནས་པན་ཇབ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇའེ་ཀིར་ཤཱན་ སིངྒ་ རཱོ་རི་ (Shri. Jai Krishan Singh Rouri; Hon’ble Deputy Speaker of Punjab Legislative Assembly) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་ཀྱང་ཞལ་བཞེས་བཟང་པོ་གནང་བ་དང་།

ཉིན་གུང་ཧར་ཡ་ན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་དྷུ་ཤ་ཡཱནྚ་ ཅའོ་ཊཱ་ལཱ་ (Shri. Dushyant Chautala, Hon’ble Deputy Chief Minister of Haryana) མཆོག་དང་ལྷན་མཇལ་འཕྲད་ཀྱིས་གོང་བཞིན་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་སྤྱི་ཁྱབ་བློོན་ཆེན་གཞོན་པ་མཆོག་གིས་ཞལ་བཞེས་གནང་འདུག

བོད་དོན་ཞུ་སྐུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམ་པ་གསུམ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༦ ཉིན་ཅན་དྷི་གྷར་དུ་ཕེབས་འབྱོར་རྗེས། པན་ཇབ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨམ་རི་ཏ་པལ་ སིངྒ་ སཱུ་ཀནྜ་ (Shri. Amritpal Singh Sukhanand, Member of the Legislative Assembly of Punjab) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། གྲོས་ཚོགས་འཐུས་མི་ཁོང་གིས་སྤྱི་འཐུས་རྣམ་པར་དགོང་མོའི་གསོལ་ཚིགས་འདེགས་འབུལ་གྱིས་སྣེ་ལེན་གཟབ་རྒྱས་ཞུས་འདུག་པ་དང་། ཕྱི་ཚེས་ ༢༧ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པའི་ས་གནས་ཀྱི་དྲུང་ཆེ་སྐུ་ཞབས་ཝི་ཇའེ་ ཤརྨ་ (Shri Vijay Sharma) ལགས་ཀྱི་སྣེ་ཤན་འོག ཅན་དྷི་གྷར་ས་གནས་ཀྱི་གྲོང་སྡེའི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག

ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༦ ནས་ཟླ་ ༡༢ ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་པན་ཇབ་དང་། ཧར་ཡ་ན་མངའ་སྡེ་གཉིས་ཀྱི་ནང་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཁག་རེ་ཞིག་ལེགས་པར་གྲུབ་ནས་ཕྱི་ཟླ་ ༡༢ ཚེས་ ༣ ཕྱི་དྲོ་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།