
༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། པན་ཇབ་གཙུག་ལག་སློབ་གཉེར་ཁང་ (Panjab University) གཉིས་ཟུང་སྦྲེལ་ཐོག ཕྱི་ལོ་ ༢༠༢༥ ཟླ་ ༡༡ པའི་ཚེས་ ༡༨ ཉིན་ཅན་དྷི་གྷར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ (Student Centre) དུ་ ‘སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་བོད་མིའི་མང་གཙོ།’ ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་ཞིག་གནང་ཡོད།

དེ་ཉིན་སྔ་དྲོ་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ལྕམ་སྐུ་རེ་ནུ་ ཝིག་ (Professor Renu Vig) མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་འདུག་པ་
དང་། མཛད་སྒོའི་ཐོག་ཅན་དྷི་གྷར་གྲོང་ཁྱེར་ལ་རྟེན་གཞི་བྱས་པའི་པ་རཱཇ་ན་བདེ་དོན་ལྟེ་གནས་ཁང་ (Prajna Well-being Centre) གི་འགན་འཛིན་ཡེ་ཤེས་རབ་རྒྱས་ལགས་དང་། བྷ་ཧཡེ་ལྟེ་གནས་ཁང་ (Bahai Centre) གི་འགན་འཛིན་སློབ་དཔོན་ཨ་ནིལ་ སར་ཝལ་ (Professor Anil Sarwal, Head of Bahai Centre, Chandigarh) ལགས། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་ཧར་ཇིཏ་ སིངྒ་ གྷིལ་ (Professor Emeritus Harjit Singh Gill, JNU) ལགས། (Bodhicitta Centre) གསར་འཛུགས་གནང་མཁན་སློབ་དཔོན་ཨ་ཡི་ ཌི་ གྷོར་ (Professor I.D Gaur, founder of Bodhicitta Centre, Chandigarh) ལགས་དང་། ཀ་མལ་ མཱ་ལི་ (Kamal Malhi, founder of Bodhicitta centre, Chandigarh) ལགས་བཅས་ཕེབས་ཡོད་འདུག

པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་པ་རུ་ བྷལ་ སི་དྷུ་ (Professor Paru Bal Sidhu) ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རིན་ཆེན་ལགས་ཀྱིས་འགྲེམས་སྟོན་སྐོར་ངོ་སྤྲོད་གསུང་བཤད་གནང་འདུག་པ་དང་། པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལྕམ་སྐུ་རེ་ནུ་ ཝིག་མཆོག་གིས་དེ་ལྟ་བུའི་ལས་རིམ་ཀྱིས་གཙུག་ལག་སློབ་གཉེར་ཁང་གི་ནང་ཞི་བདེ་དང་། མཐུན་སྒྲིལ་གོང་འཕེལ་ཡོང་རྒྱུའི་གལ་གནད་སྐོར་གསུངས་འདུག་པ་དང་། པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་པ་རུ་ བྷལ་ སི་དྷུ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་དང་། འཚེ་མེད་ཞི་བའི་ཐབས་ལམ་ཁྱབ་སྤེལ་མཛད་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གཙུག་ལག་ཁང་ནང་མུ་མཐུད་མགོན་པོ་གང་ཉིད་མཆོག་གི་ཞི་བདེའི་ལམ་སྟོན་དང་འབྲེལ་བའི་ཐོག་ལས་རིམ་བསྒྲིག་རྒྱུ་ཡིན་སྐོར་གསུངས་འདུག

པར་རིས་འགྲེམས་སྟོན་དེ་བཞིན་དེ་ཉིན་ཕྱི་དྲོའི་ཆུ་ཚོད་ ༥།༠༠ བར་འགྲེམས་སྟོན་གནང་འདུག་པ་དང་། འགྲེམས་སྟོན་གནང་བ་བརྒྱུད་འདི་གའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམ་པ་དང་། ཉེ་འཁོར་གྲོང་ཁྱེར་གསུམ་གྱི་སློབ་ཕྲུག་ཕེབས་མཁན་བཅས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་འདུག་པ་བཅས།
