༄༅། ། “པ་ལགས།” ཞེས་པའི་གཏམ་བརྗོད་འཁྲབ་ཁྲིད་གནང་མཁན་འཇར་མ་ནི་ནས་ཡིན་པའི་སྐུ་ཞབས་ཧེ་རི་ཕུ་ཧར་མན་ (Harry Fuhrmann) ལགས་དང་། བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་དང་འཁྲབ་ཁྲིད་པ་ལྷག་པ་ཚེ་རིང་ལགས། དེ་བཞིན་གཏམ་བརྗོད་དང་འབྲེལ་བའི་ཕྱག་རོགས་ཁག་ཅིག་བཅས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གདན་ཞུས་ལྟར། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང་།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཧེ་རི་ཕུ་ཧར་མན་ལགས་དང་། བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་དང་འཁྲབ་ཁྲིད་པ་ལྷག་པ་ཚེ་རིང་ལགས་སོགས་ནས་བོད་ཀྱི་གཏམ་བརྗོད་ “པ་ལགས།” ཞེས་པ་འཁྲབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གསུམ་སྐོར་དང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་པ་ནས་བཟུང་། སྐབས་དུས་སོ་སོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་བསྒྱུར་བ་ཇི་བྱུང་སོགས་དང་། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་དང་། སྔོན་རྩིས་གྲོས་ཚོགས་དང་། ལས་བསྡོམས་གྲོས་ཚོགས་སྐོར་སོགས་གསུངས་གནང་ཡོད་པ་བཅས། །