ནུབ་བྷེང་གྷལ་མངའ་སྡེའི་ཁོངས་གཏོགས་རྡོ་རྗེ་གླིང་ས་གནས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་བ།

༄༅། ། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་བཅས་ནས་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུག་བསྒྲིལ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་ ༤།༠༠ ཐོག་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུ་བུ་ནེ་ཤེ་ཝར་ནས་ཕེབས་ཐོན་གྱིས་ཀོལ་ཀ་ཏ་དང་བྷག་ཌོ་ར་གནམ་ཐང་བཅས་བརྒྱུད་ཤི་ལི་གྷུ་རི་ཤེས་རིག་ཕུན་ཚོགས་གླིང་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་སྒེར་འཁོར་ནང་ཐོན་ཏེ་ཕྱི་དྲོ་ཆུ་ཚོད་ ༤།༠༠ པའི་ཐོག་རྒྱ་གར་བྱང་ཤར་རྡོར་གླིང་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་འདན་མ་ཚང་པདྨ་ཚེ་རིང་ལགས་དང་། རང་བདེན་ཚོགས་གཙོ་དང་བཀའ་འགྱུར་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་འགྱུར་མེད་བརྩོན་འགྲུས་ལགས། སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དྲུང་ཆེ་ཚེ་རིང་ནོར་བུ་ལགས། རང་འཚོ་བཟོ་གྲྭའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས། ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གི་འགན་འཛིན་སྨན་པ་འཕྲིན་ལས་དཔལ་བཟང་ལགས། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་རྒྱུན་ལས། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་བཅས་ནས་ཕེབས་བསུ་དང་ཕན་ཚུན་མཚམས་སྦྱོར་བཅས་ཞུས་པ་དང་། དགོང་མོ་ས་གནས་འགོ་འཛིན་ལས་ཁུངས་ནས་ཕེབས་བསུའི་གསོལ་སྟོན་ཕུལ་གནང་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༢།༣༠ བར་ནུབ་བྷེང་གྷལ་མངའ་སྡེའི་ཁོངས་རྡོར་གླིང་ས་གནས་སུ་ཆགས་པའི་སེན་ཊི་ ཇོ་སིབ་ མཐོ་སློབ་ཁང་ (St. Joseph’s College) དུ་འཕགས་བོད་དབར་ལོ་རྒྱུས་དང་། རིག་གཞུང་འབྲེལ་བའི་སྐོར་ (India and Tibet: Historical Legacies and Cultural Connections) གྱི་ཚོགས་འདུ་ཞིག་བསྡུ་སྐོང་ཞུས་སྐབས་སློབ་སྤྱི་ཕ་དྷར་འབུམ་རམས་པ་ ཌོ་ན་ཊསེ་ ཀུ་ཇུར་ ཨེས་ ཇེ་ (Fr. Dr. Donatus Kujur, S. J. Principal) མཆོག་ནས་སྤྱི་འཐུས་རྣམ་པར་ཁ་བཏགས་ཕུལ་བ་དང་། སྤྱི་འཐུས་རྣམ་ལའི་ངོས་ནས་སློབ་སྤྱི་ཕ་དྷར་མཆོག་ལ་མཇལ་དར་དང་། ཚོགས་གཙོའི་མཚན་འཁོད་སྤྱི་ལྷན་གྱི་ཞུ་ཡིག ༸གོང་ས་མཆོག་གི་མཛད་རྣམ། ཞྭ་སྒབ་པའི་ལམ་ཡིག ཨིན་སྐད་དང་། ཧིན་སྐད། བལ་པོའི་སྐད་བཅས་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་བ་དང་། གསུང་བཤད་གནང་མཁན་སློབ་དཔོན་རྣམ་ལའང་མཇལ་དར་ཕུལ། ཚོགས་འདུའི་གཙོ་སྐྱོང་བ་འབུམ་རམས་པ་ པ་ཋིག་ རོཡེ་ (Dr. Pathik Roy, Moderator) མཆོག་ནས་ཕེབས་བསུའི་གསུང་བཤད་དང་སྤྱི་འཐུས་རྣམ་པའི་ལོ་རྒྱུས་སྙན་སྒྲོན་གནང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡི་སྙིང་དོན་དང་། བཙན་བྱོལ་དུ་གནའ་དེང་ཤེས་ཡོན་སྡེ་ཚན་ཁག་གསར་འཛུགས་གནང་བའི་སྐོར། གྲགས་ཅན་མཐོ་སློབ་འདི་ཉིད་དང་བོད་པའི་མི་རབས་མང་པོའི་དབར་འབྲེལ་ལམ་ཆགས་ཡོད་གནས། གཞོན་སྐྱེས་ཁྱེད་རྣམས་ཀྱང་ཤེས་ཡོན་ཕུལ་དུ་ཕྱིན་པ་ཆགས་རྒྱུ་ཡིན་པའི་ཡིད་ཆེས་ཡོད་པ་ལྟར་མ་འོངས་པར་བོད་ནང་གི་ཆོས་དང་རིག་གཞུང་སོགས་ལ་རྒྱ་གཞུང་ནས་བཙན་གནོན་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་ལ་ཉམས་ཞིབ་སོགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་སྐོར་དང་། རྡོར་གླིང་སཾ་བྷོ་ཊ་སློབ་གྲྭ་དང་། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་སུ་རིག་གཞུང་བརྗེ་ལེན་བྱ་ཐུབ་ན་དགེ་མཚན་ཆེ་སྐོར་བཅས་གསུངས་པ་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་གིས་འདས་པའི་ཉིན་གྲངས་བཅུ་ཕྲག་ལྷག་ནང་སྤྱི་འཐུས་གསུམ་ནས་ཀོལ་ཀ་ཏ་དང་། བྷུ་བུ་ནེ་ཤེ་ཝར་བཅས་སུ་ལས་དོན་ཇི་སྤེལ་སྙིང་བསྡུས་དང་། རྡོར་གླིང་དུ་ལས་དོན་སྤེལ་དགོས་དོན་ཡང་གྲོང་ཁྱེར་འདི་དང་བོད་དབར་གནའ་རབས་ནས་ཆོས་དང་རིག་གཞུང། ཚོང་ལམ་སོགས་ཀྱི་འབྲེལ་བ་དམིགས་བསལ་ཡོད་པས་གནད་འགག་ཆེན་པོ་ཆགས་པའི་སྐོར། སྤྱི་ཡོངས་འཕགས་བོད་ཆོས་རིག་ཀྱི་འབྲེལ་ལམ་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བཅས་ངོ་སྤྲོད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གནང་གི་ཡོད་པའི་སྐོར་སོགས་ངོ་སྤྲོད་གནང་། སྤྱི་ཚོགས་རིག་གནས་སྡེ་ཚན་གྱི་སློབ་དཔོན་ལས་རོགས་འབུམ་རམས་པ་ལྕམ་སྐུ་ ཤྲིས་ཊི་ ཀཱ་ལཱ་ ཆེའེ་ཏྲི་ (Dr. Shristi Kala Chettri, Asst. Prof., Dept, of Sociology) མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་དགོས་རྒྱུ་དེ་གལ་ཆེ་ཡིན་པའི་སྐོར་དང་། སྐྱབས་བཅོལ་བོད་མི་རྣམས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་ཆོས་དང་རིག་གཞུང་གང་ཐད་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་སྐོར་སོགས་ཀྱི་གསུང་བཤད་གནང་། སྲིད་དོན་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ལས་རོགས་འབུམ་རམས་པ་ སཱ་མིར་ ཤར་མཱ་ (Dr. Samir Sharma, Head & Asst. Prof., Dept. of Political Science) མཆོག་ནས་ཁོ་རང་རྒྱ་ནག་ཏུ་འགྲོ་མྱོང་བའི་སྐོར་དང་། རྒྱ་ནག་གིས་བོད་ལ་དཀའ་ངལ་སྤྲད་པ་ནང་བཞིན། བལ་ཡུལ་དང་། བྷང་ལ་དྷེཤ། ཤྲི་ལངྐ་། འབྲུལ་ཡུལ་བཅས་སུ་བཙན་དབང་གཏོང་གི་ཡོད་པའི་སྐོར། རྒྱ་ནག་གི་ལས་གཞི་གསར་པ་གྲངས་འཛིན་དར་གོས་ཚོང་ལམ་ལ་དོ་སྣང་དགོས་པ། ཏོག་དབྱིབས་ནད་ཡམས་སྐབས་འཛམ་གླིང་སྤྱི་ཡོངས་ལ་རྒྱ་ནག་གིས་གཅིག་སྡུད་དབང་འཛིན་བྱས་པ་སོགས་ལ་བརྟེན་ཚང་མས་རྒྱ་ནག་གི་གནད་དོན་སྐོར་ལ་དོ་ཁུར་དགོས་རྒྱུ། དམིགས་བསལ་ཁོ་རང་སྒེར་གྱི་ངོས་ནས་༸གོང་ས་མཆོག་ཞལ་མ་བཞུགས་པའི་གནས་ཚུལ་བྱུང་ཚེ་བོད་དོན་ལ་ཐུགས་འཚབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།

འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་ཚོགས་གཞོན་འཇིགས་མེད་ལགས་ནས་གཅེས་འཛིན་ཁང་དེའི་བོད་དང་ཧི་མ་ལ་ཡའི་འགྲེམ་སྟོན་ཁང་དུ་གཞོན་སྐྱེས་རྣམས་ཕེབས་ན་བོད་ཀྱི་གནད་དོན་གང་ཅིའི་ཐད་རྒྱུས་མངའ་ཡོང་རྒྱུ་ཡིན་པའི་སྐོར་སོགས་གསུངས། གཙོ་སྐྱོང་བ་འབུམ་རམས་པ་ པ་ཋིག་ རོཡེ་ མཆོག་གིས་སྤྱི་འཐུས་རྣམས་ཀྱི་གསུང་བཤད་སྙིང་དོན་བསྐྱར་ནན་དང་། དམིགས་བསལ་གཡུང་དྲུང་བོན་གྱི་སྤྱི་འཐུས་འདིར་ཕེབས་ཡོད་པས་དེ་ལྟ་བུའི་བོད་ཀྱི་གནའ་བོའི་རིག་གཞུང་གཅེས་འཛིན་གནང་ཐུབ་པ་དེ་ནི་དགེ་མཚན་ཆེན་པོ་ཡིན་པའི་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ནི་གཞལ་དུ་མེད་པ་ཞིག་ཡིན་པ་དང་། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ནི་དྲག་གནོན་དང་གདུག་རྩུབ་ཅན་ཡིན་པ། གཞིས་བཞུགས་བོད་མི་རྣམས་ཀྱིས་མྱོང་བཞིན་པའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་ཡོད་པ། རྒྱུན་དུ་བོད་དོན་སྐོར་གྱི་རྩོམ་ཡིག་ལ་ཐུགས་སྣང་གནང་གི་ཡོད་པ་དང་དགེ་སློབ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། གསར་འགོད་ལས་རིགས་དང་རྒྱ་ཁྱབ་འཕྲིན་སྤེལ་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ལས་རོགས་ ཝིཀ་རམ་ རཡི་ (Mr. Vikram Rai, Head & Asst. Prof, Dept. of Mass Communication & Journalism) མཆོག་ནས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པ་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ལྷན་བོད་དོན་ལས་འགུལ་ནང་མཉམ་ཞུགས་གནང་བའི་སྐོར་དང་། ཁོང་ཉིད་ཀྱི་ལས་ཀའི་ངོ་བོ་དང་མཐུན་མིན་ལ་མ་ལྟོས་པར་བར་སྐབས་བརྒྱུད་ལམ་སོགས་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་བའི་དུས་དེར་སྤྱི་ཚོགས་དྲ་རྒྱ་སོགས་ནང་གདོང་དུ་ཐོན་ཏེ་བདེན་དོན་གསལ་བཤད་གནང་བ་སོགས་ལས་འཕྲོས་ཏེ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་རེད། སྐབས་དེའི་ཚོགས་ཐོག་ཏུ་དགེ་སློབ་ ༡༣༠ ཙམ་ཕེབས་ཡོད་པ་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་འགྲེམ་སྤེལ་ངནང་། གཞན་ཡང་ས་གནས་འགོ་འཛིན་མཆོག་དང་། སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་སོགས་གནད་ཡོད་བོད་མི་ཁག་ཅིག་མཉམ་ཞུགས་གནང་ཡོད། ཚོགས་འདུ་གྲོལ་མཚམས་མཐོ་སློབ་ཀྱི་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། སློབ་སྤྱི་མཆོག་ལ་གྱེས་མཇལ་ཞུས་གནང་ཡོད།

ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དཔེ་མཛོད་དུ་རྡོར་གླིང་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་སྐུ་ཞབས་ དྷི་པེན་ ཋ་ཀུ་རི་ (Shri Dipen Thakuri Chairman, Municipality. Darjeeling) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་ཡིག་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ཕུལ་ཞིང་། བོད་དོན་ལ་རྒྱབ་སྐྱོར་གནང་ཐབས་དང་། ལྷག་པར་དུ་ས་གནས་འདིར་ཆགས་པའི་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་ཡོང་ཐབས་སྐོར་སོགས་ཞུས་པ་དང་། ཁོང་ནས་ཛ་དྲག་ལས་དོན་དུ་མའི་དབང་གིས་དུས་ཁོམ་དཀའ་ནའང་།

ཁོང་ནི་བོད་གཞུང་སློབ་གྲྭ་འགྲིམ་མྱོང་མཁན་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ཕྱི་གཏན་གྱི་སྐྱབས་གནས་སུ་བརྩིས་ཏེ་བོད་མི་རྣམས་ལ་ནང་མི་གཅིག་ནང་བཞིན་གྱི་ཤ་ཚ་ཞེན་ཁོག་ཡོད་མཁན་ཞིག་ཡིན་པས་དུས་ཚོད་ཐུང་ངུ་ཞིག་ལས་བཏང་མ་ཐུབ་ནའང་ཆེད་བཅར་གནང་བ་ཡིན་སྐོར་དང་། རྒྱུན་དུ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་གི་ཡོད་པ་མ་ཟད། མ་འོངས་པར་ཡང་དེ་བཞིན་གནང་རྒྱུར་ཐེ་ཚོམ་མི་དགོས་པ་དང་། བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཐུབ་པའི་འབད་བརྩོན་གནང་རྒྱུ་ཡིན་པ་སོགས་ཀྱི་ཞལ་བཞེས་གནང་འདུག དེ་རྗེས་སྤྱི་འཐུས་རྣམས་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་བོད་དང་ཧི་མ་ལ་ཡའི་འགྲེམ་སྟོན་ཁང་དུ་གཟིགས་སྐོར་ཕེབས་ཡོད།

དགོང་མོ་ཆུ་ཚོད་ ༧།༣༠ ཐོག་རྡོར་གླིང་དུ་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ནས་དགོང་ཚིགས་འདེགས་འབུལ་དང་བསྟུན། ཇི་ ཊི་ ཨེ་ ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ་ཞབས་ ཨ་མར་བླ་མ་ (Shri Amar Lama, Principal Advisor, Gorkhaland Territorial Administration) (GTA) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སྐད་རིགས་གསུམ་ནང་འཁོད་པའི་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུལ་གནང་བ་དང་།

ཁོང་གི་ལྷན་དུ་ཀོལ་ཀ་ཏའི་ཉེན་རྟོག་སྤྱི་ཁྱབ་ཟུར་པ་བསྟན་འཛིན་བྷོ་ཊི་ཡ་ (Tenzing Bhutia, Retired Deputy Commissioner Of Kolkata Police) མཆོག་དང་། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུར་པ་བསྟན་འཛིན་ཁམས་པ་ཆའེ་ (Tenzin Khampachay, Ex municipal commissioner) མཆོག་རྣམ་གཉིས་མཉམ་བཅར་ཡོད་པ་རྣམས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་སྐུལ་ལས་དོན་ངོ་སྤྲོད་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས། རྡོར་གླིང་དུ་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བ་སོགས་ཀྱི་རེ་སྐུལ་ཞུས་པས་དགའ་སྤྲོ་ཆེན་པོས་དང་ལེན་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་སྤྱི་དང་བྱེ་བྲག་སྐོར་སོགས་ལ་བཀའ་འདྲི་གནང་བ་དང་། ཁོང་རྣམས་ཀྱི་མི་རྒྱུད་བོད་པ་ཡིན་སྐོར་སོགས་ཆུ་ཚོད་གཉིས་ཙམ་རིང་ནང་མོལ་ལྷུག་པོ་བྱུང་ཡོད་པ་དང་། བོད་མིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་ཁུར་བ་རྣམས་ཀྱིས་དགའ་སྐྱེལ་གནང་བ་བཅས་ཀྱིས་ནུབ་བྷེལ་གྷལ་མངའ་སྡེའི་ཁོངས་སུ་བོད་དོན་ཞུ་སྐུལ་གྱི་ལས་དོན་མཇུལ་བསྒྲིལ་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༢༦ ནས་བཟུང་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཏུ་བོད་དོན་ཞུ་སྐུལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་བཅས།