ནི་ཐར་ལན་ཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ཨི་རི་ཀ་ ཇོར་ཇི་ནེ་ ཊེར་པེ་སི་ཊ་ར་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཐོག་ནི་ཐར་ལན་ཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་སྐུ་ཨི་རི་ཀ་ ཇོར་ཇི་ནེ་ ཊེར་པེ་སི་ཊ་ར་ (Erica Georgine Terpstra) མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཤིང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཚོགས་གཙོའི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་འཚམས་འདྲི་དང་སྦྲགས་བོད་དོན་སྐོར་ལ་གཙོ་བོ་གསུང་དོན། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་ཞིབ་འཇུག་མཁན་བཞིས་ (Four UN Special Rapporteurs) སྙན་ཐོ་བཏོན་པ་གཞིར་བཟུང་། རྒྱ་གཞུང་གིས་བོད་ནང་ཕྲུ་གུ་ས་ཡ་གཅིག་མན་ཙམ་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། བོད་ནས་བབས་པའི་གཙང་ཆུ་རྣམས་ལ་རྒྱ་ནག་དམར་གཞུང་གིས་ཆུ་མཛོད་མང་པོ་བརྒྱབ་སྟེ་ཆུ་ཁ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་བོད་དང་། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ཁོར་ཡུག་ལའང་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད་པའི་སྐོར་ངོ་སྤྲོད་དང་།

དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) གི་མདུན་དུ་ “བོད་དོན་དཀའ་རྙོག་སེལ་ཐབས་སུ་འཕྲད་བཞིན་པའི་དཀའ་ངལ།” ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་བསྐྱངས་ཡོད་པ་དང་། དེའི་སྐབས་རྒྱལ་སྤྱིའི་ལོ་རྒྱུས་མཁས་དབང་སྐུ་ཞབས་མེ་ཀལ་ ཝན་ ཝལ་ཊ་ པཱ་རག་ (Michael Van Walt) ལགས་དང་། རྒྱ་རིགས་ལོ་རྒྱུས་རིག་པའི་སློབ་དཔོན་སྐུ་ཞབས་ཧོན་ཤིང་ལའུ་ (Hon-Shiang Lau) ལགས་རྣམ་གཉིས་ཀྱིས་ལོ་རྒྱུས་ཐོག་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པའི་སྐོར་ཁུངས་སྐྱེལ་བྱས་ཡོད་པ་ལུང་འདྲེན་གྱིས་ལོ་རྒྱུས་ཐོག་བོད་རང་བཙན་གཙང་མ་ཡིན་པའི་གནས་བབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་བཞིན་ཡོད་པ་མ་ཟད། ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱུང་ཡོད་པ་སོགས་བོད་དོན་སྐོར་གསུངས་གནང་བ་དང་།

ལྕམ་སྐུ་ཨི་རི་ཀ་ ཇོར་ཇི་ནེ་ ཊེར་པེ་སི་ཊ་ར་མཆོག་གིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསན་པ་བརྒྱུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་སེམས་ཤུགས་བསྐྱེད་པའི་སྐོར་དང་། དེ་སྔ་ལྕམ་སྐུ་མཆོག་ནི་ཐར་ལན་ཌི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གནང་སྐབས་ཀྱི་ལས་དོན་ཇི་བྱས་སྐོར་སོགས་ངོ་སྤྲོད་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྣམ་པའི་འོས་བསྡུ་གནང་ཕྱོགས་དང་། ཡུན་ཚད། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནང་བོད་མི་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཇི་ལྟར་རྒྱུན་འཛིན་གནང་མིན་སྐོར་སོགས་ཀྱི་ཐོག་བཀའ་འདྲི་ཞུས་པར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལྕམ་སྐུ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་། ཐབས་བྱུས་འཆར་གཞི་སོགས་བོད་དོན་ཡིག་ཆ་ཁག་ཅིག་ཕུལ་རྗེས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།