ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

བོད་ཀྱི་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༥ ཉིན་ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་བ་དང་། ཕྱི་ཟླ་ ༣ ཚེས་ ༥ ཉིན་ཁོང་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཕྱི་ལ་ཁྱབ་ཡོད་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེན་ཡོད་པར་བརྟེན་ཐད་ཀར་འབྲེལ་ཡོད་ལ་ཁ་པར་བརྒྱུད་གནས་ཚུལ་འདྲི་རྟོགས་བྱེད་དཀའ་བས། རང་སྲེག་ངོ་རྒོལ་བྱས་རྗེས་འདས་གྲོངས་སུ་གྱུར་ཡོད་མེད་ཞུ་ཚོད་དཀའ་བའི་གནས་སུ་གྱུར་འདུག

བོད་ཀྱི་ན་གཞོན་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བའི་སྐབས་འབོད་ཚིག་དང་། ཞལ་ཆེམས་ག་རེ་ཡོད་མེད་སོགས་རྒྱ་གཞུང་གིས་དམ་དྲག་ལ་བརྟེན་ནས་རྩད་གཅོད་བྱེད་ཐུབ་མེད་པ་རེད། ན་གཞོན་གཞས་པ་ཁོང་ནི། བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་གྲོང་ཁྱེར་ཀོང་ཏུང་སྲུང་སྐར་བརྙན་འཕྲིན་ (Guangdong Satellite TV) ལས་རིམ་ནང་རྒྱ་ནག་ནང་གི་བུ་ཡག་པོ་(Good Boys in China) ཟེར་བའི་གཞས་ཀྱི་འགྲན་སྡུར་དུ་ཞུགས་འདུག་ལ། ཁོང་ནུབ་བརྒྱུད་སྡེ་ཚན་ནང་གི་རྩེ་ཕུད་སྒྱུ་རྩལ་བ་ ༡༢ ཀྱི་ཁོངས་སུ་ཚུད་པ་དང་། རྒྱ་ནག་རྒྱལ་ཡོངས་སུ་རྩེ་ཕུད་ ༤༨ ཁོངས་སུ་འདེམས་སྒྲུག་བྱུང་ཡོད་འདུག ཁོང་གིས་འགྲན་སྡུར་སྐབས་བོད་སྐད་དང་དབྱིན་སྐད་ཐོག་གླུ་གཞས་གཏོང་སྐབས། རྒྱ་གཞུང་གིས་དཔྱད་འདེམས་པས་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་པ་དང་། འགྲན་སྡུར་སྐབས་རང་མིང་བོད་ཡིག་ཐོག་བྲིས་པར་བརྟེན་རྒྱ་གཞུང་གིས་མི་འགྲིག་སྐོར་བཤད་ཀྱང་། དེ་ལ་གདོང་ལེན་མཐའ་གཅིག་ཏུ་བྱས་པའི་གནས་ཚུལ་བྱུང་ཡོད་འདུག ཕྱི་ལོ་ ༢༠༡༧ ལོར་རོལ་དབྱངས་ཀྱི་རྒྱལ་ཡོངས་རྣམ་དཔྱོད་འགྲན་སྡུར་སང་ཉིན་གྱི་བུ་ (The Son of Tomorrow) ཞེས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་འགྲན་སྡུར་ནང་ལ་མཉམ་ཞུགས་སྐབས་རྩེ་ཕུད་ ༩ པའི་ཁོངས་སུ་ཚུད་འདུག ཁོང་གིས་དེང་དུས་ཀྱི་གླུ་གཞས་མང་པོ་བཏང་བའི་ནང་། <<རྩམ་པ་>>དང་། <<གཟབ་མཆོར་>> <<བྱང་ཐང་ལ་བལྟ་བའི་མིག>> <<རང་མ་གཏོགས་>> <<ཁྱིམ་དུ་ལོག>>ཅེས་པ་སོགས་མང་པོ་བཏང་ཡོད་པས་བོད་ཙམ་མ་ཟད། རྒྱ་ནག་སྐམ་སའི་ནང་དུའང་སྐད་གྲགས་ཆེན་པོ་ཡོད་འདུག ཁོང་གི་པོད་ཕྲན་དྲ་ལམ་ཐོག་རྗེས་མཇུག་པ་མི་ལྔ་འབུམ་དགུ་ཁྲི་ལྷག་ཡོད་འདུག འདས་པའི་ཉིན་གྲངས་ཁ་ཤས་ནང་ཚེ་དབང་ནོར་བུ་ལགས་ཀྱི་སྤྱི་ཚོགས་དྲ་རྒྱ་པོད་ཕྲིན་(Weibo)དང་། འཁྱུག་དབྱིངས་(Daoying)ནང་དུ་མཆན་བཀོད་མཁན་མང་པོ་བྱུང་སྟེ།  ཁོང་གི་བྱང་བུའི་འོག་ཁྱེད་ཕེབས་ལམ་བདེ་བ་དང་།  མྱུར་དུ་བདེ་བ་ཅན་དུ་འཁོད་པར་སྨོན་ཞེས་སོགས་ཀྱི་སྨོན་ཚིག་བཀོད་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་དྲ་ལམ་ཁག་ནས་ཁོང་གིས་བཏང་བའི་གླུ་གཞས་མང་པོ་ཞིག་གོ་མི་ཐུབ་པ་བཟོས་ནས་བཀག་འགོག་བྱས་པ་མ་ཟད། ཁོང་གི་དྲ་ཚིགས་ཚང་མ་བཀག་བསྡོམས་བྱས་ཏེ་གཞན་གྱིས་ལྟ་ཀློག་མི་ཐུབ་པ་བཟོས་ཡོད་འདུག

གཞས་པ་ཚེ་དབང་ནོར་བུ་ལགས་ནི། ཕྱི་ལོ་ ༡༩༩༦ ལོར་བོད་ཀྱི་ནག་ཆུ་གྲོང་ཁྱེར་དུ་སྐྱེས་པ་དང་། ད་ལྟ་ལོ་ ༢༦ ཡིན་པ་རེད། ཁོང་གི་ཕ་མིང་ལ་ཆོས་རྒན་ཟེར་ཞིང་། ཕ་དཔལ་མགོན་རྫོང་ནས་ཡིན་པ་དང་། ནག་ཆུ་གྲོང་ཁྱེར་ཟློས་གར་ཚོགས་པའི་དགེ་རྒན་ཡིན་འདུག ཁོང་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་རོལ་དབྱངས་མཁས་པ་ཞིག་ཡིན་ལ། ཁོང་གི་ཨ་མ་ནི་བོད་ཀྱི་གཞས་མ་གྲགས་ཅན་སོག་ཤོད་བསོད་ནམས་དབང་མོ་ཡིན་པ་དང་། ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་ནི་སྐུ་གཤེགས་པ་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་ཨ་ཞང་ཡིན་འདུག

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་ ༡༥༦ གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་ཡོད། འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་ད་དུང་ཡང་རྒྱུན་མ་ཆད་པ་ཐོན་བཞིན་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ལ་ནན་སྐུལ་བྱ་རྒྱུར།

༡།       ད་བར་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་གཏོང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱ་གཞུང་ནས་གོ་མེད་ཚོར་མེད་དུ་མ་བསྡད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་རྣམས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་ངེས་པར་དུ་བྱ་དགོས།

༢།      རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ལས་འགུལ་འདི་ནི་ཞི་རྒོལ་ཚད་མཐོ་ཤོས་ཤིག་ཆགས་ཡོད་པར་བརྟེན་ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། སྡེ་ཚན་ཁག་སོགས་ནས་ཐུགས་སྣང་ཆེར་བསྐྱེད་ཀྱིས་ཁོང་རྣམས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་བདེན་རྒྱབ་དཔུང་རོགས་སྔར་ལྷག་གནང་སྐྱོང་ཡོང་བ་ཞུ།

༣།      མི་ལོ་ ༦༠ ལྷག་རིང་བོད་ནང་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གཙོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པ་རྣམས་ལ་རྒྱ་ནག་དབུས་སའི་དཔོན་རིགས་ཁག་གིས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ཏེ། དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༧ ལ།།