ན་ག་སངས་རྒྱས་བསྟན་དར་ལགས་བཙན་བྱོལ་བོད་མིའི་ལས་བྱེད་འདེམས་ལྷན་ཚོགས་མིར་བསྐོ་གཞག་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢།༡༥ ཙམ་ལ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༧༧ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་། བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ (༡༠༡) ནང་གསེས་ (༡) པོའི་དགོངས་དོན། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” དང་། དོན་ཚན་ (༡༠༡) ནང་གསེས་ (༢) པའི་དགོངས་དོན། “གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་སུ་རུང་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།” ཞེས་པའི་ཆ་རྐྱེན་འོག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མིར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་མཆོག་དང་། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མི་ཟུར་པ་རྡོ་རྗེ་ལགས་བཅས་ཀྱི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་རྡ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་གྲངས་འཛིན་དོ་དམ་པ་ཕུན་ཚོགས་རྣམ་རྒྱལ་ལགས་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་། བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༧༧ པའི་ཐོག་འོས་གཞིར་ཕུན་ཚོགས་རྣམ་རྒྱལ་ལགས་དང་། ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ལ་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༩ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་། བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་སུ་སྤྱི་འཐུས་རྒྱུན་ལས་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་གྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་མིར་བསྐོ་གཞག་གནང་ཡོད།

ན་ག་སངས་རྒྱས་བསྟན་དར་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༩ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་མ་ནཱ་ལིར་འཁྲུངས་པ་དང་། ལྷོ་ཕྱོགས་སྦེལ་ཀོབ་སེན་ཌེ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ལེགས་པར་ཐོན། ཕྱི་ལོ་ ༡༩༨༡ ལོར་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ལོ་ངོ་དགུ་ཡི་རིང་ཐུན་མོང་དང་ཐུན་མིན་རིག་པའི་གནས་ལ་སློབ་སྦྱོང་བྱས་མཐར་ཨཅཱརྱའི་བསླབ་པ་མཐར་སོན་དང་། གསེར་གྱི་རྟགས་མའི་བྱ་དགའ་ཐོབ། བསྟན་བཅོས་འཛིན་རིམ་ཐོན་འཕྲལ་ཤར་ཁུམ་བོད་མིའི་སློབ་གྲྭ་དང་རྡ་ཤོད་བོད་ཁྱིམ་སློབ་གྲྭ་གཉིས་སུ་སྔ་ཕྱིར་དུས་ཡུན་ཐུང་ངུ་ཞིག་རིང་དགེ་རྒན་གནང་། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་གྱི་སྡེ་ཚན་དུ་ཞུགས་པ་དང་། ཕྱི་ལོ་ ༢༠༠༥ ནས་ད་བར་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་བོད་ཡིག་དཔར་སྐྲུན་གྱི་རྩོམ་སྒྲིག་པ། གཏམ་ཚོགས་ཀྱི་རྩོམ་སྒྲིག་པ། བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དགེ་རྒན་བཅས་གནང་བཞིན་ཡོད། ཕྱི་ལོ་ ༢༠༠༣ ལོར་ཝཱ་ཎ་བོད་ཀྱི་མཐོ་སློབ་ནས་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་དགེ་རྒན་འོས་སྦྱོང་བའི་སློབ་གཉེར་བ་གཙོ་བཟུང་ཐོག་དེ་གའི་འཛིན་གྲྭ་ཁག་ཅིག་ལ་བོད་ཀྱི་རིག་གནས་ལོ་གཅིག་རིང་སློབ་འཁྲིད་གནང་།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཆུང་ངུ་འཇིག་རྟེན་གྱི་མི་སྡེ་དང་ཀུན་ཁྱབ་སེམས་འཁུར། སྙིང་རྗེ་དང་སྐྱེས་བུ་སྒེར། བདག་ཉིད་ཆེན་པོ་གན་དྷིའི་གསུང་རྩོམ་གྲགས་ཅན་རྒྱ་གར་རང་སྲིད་རང་སྐྱོང་བཅས་བོད་སྐད་དུ་བསྒྱུར་ཅིང་། རྗེ་དམུ་དགེ་བསམ་གཏན་གྱི་བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཆུང་དེ་ཉིད་ཨིན་སྐད་དུ་བསྒྱུར་གནང་།

ཕྱི་ལོ་ ༢༠༡༤་་་༢༠༡༥ ལོར་ཕ་རན་སིའི་རྒྱལ་སྤྱིའི་ཤར་ཕྱོགས་སྐད་ཡིག་སློབ་གྲྭ་ཆེན་མོའི་ (National Institute of Oriental Language and Civilization, INALCO) བོད་ཀྱི་སྐད་ཡིག་རིག་གཞུང་གི་ཚན་པར་སློབ་འཁྲིད་ཀྱི་སྲི་ཞུ་བསྒྲུབས། གཞན་ཡང་སྔ་ཕྱིར་དཔལ་ཡུལ་ཆོས་འཁོར་གླིང་དང་། སྨིན་གྲོལ་གླིང་། དཔལ་སྤུངས་ཤེས་རབ་གླིང་བཅས་སུ་དུས་ཡུན་ཐུང་ངུའི་རིང་གདན་ཞུས་བཞིན་སློབ་འཁྲིད་གནང་མྱོང་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །