དྲུང་འཕར་ཡེ་ཤེས་ཆོས་སྒྲོན་ལགས་ཚོགས་དྲུང་ལས་ཁུངས་ནས་གནས་སྤོས་གནང་བར་ཕེབས་སྐྱེལ་ཇ་སྟོན་སྟབས་བདེ་ཞིག་གོ་སྒྲིག་གནང་བ།


༄༅། །ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཡེ་ཤེས་ཆོས་སྒྲོན་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༥ ལ་དྲུང་འཕར་དུ་གནས་སྤར་གནང་བ་དང་། ཕྱི་ཟླ་ ༧ ཚེས་ ༡ ཉིན་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་འགན་འཛིན་དུ་གནས་སྤོས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཆོགས་ཀྱི་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་གྱི་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཡོངས་ནས་ཚོོགས་དྲུང་ལས་ཁུངས་སུ་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་ཕེབས་སྐྱེལ་ཇ་སྟོན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་གནང་ཡོད།

དེ་ཡང་ཟུང་དྲུང་ཡེ་ཤེས་ཆོས་སྒྲོན་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་སྦན་ད་ར་ནོར་རྒྱས་གླིང་གཞིས་ཆགས་སུ་རང་ཁོངས་ལས་བྱེད་ཀྱི་ངོ་བོར་ཞུགས་ནས་ཞབས་ཕྱི་ཞུས་གནང་བ་དང་། དེ་རྗེས་ ༡༩༩༠ ཟླ་ ༨ པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ངོ་མར་བསྐོ་གཞག་གནང་། ༡༩༩༣ ཟླ་ ༥ ཚེས་ ༣ ནས་ཕྱི་དྲིལ་ལས་ཁུངས་དང་། ༡༩༩༤ ནས་ ༢༠༠༡ བར་ཆོས་རིག་ལས་ཁུངས།  ༢༠༠༡ ཟླ་ ༧  ནས་ ༢༠༠༤ བར་ནང་སྲིད་ལས་ཁུངས། ༢༠༠༤ ཟླ་ ༡༢ ནང་རྡ་ས་དབུས་སྣེ་ལེན་ཁང་། ༢༠༠༥ ལོར་སླར་ཡང་དྲིལ་བསྒྲགས་ལས་ཁུངས་སུ་ཕྱག་ལས་གནང་བ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༤ ཉིན་ནས་ ༢༠༡༧ ཟླ་ ༦ ཚེས་ ༣༠ བར་ཚོགས་དྲུང་ལས་ཁུངས་བཅས་ཀྱི་རྩིས་པ་གནང་སྟེ་ད་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་བཀའ་ཤག་གི་བཀོད་སྒྲིག་འོག་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པའི་འགན་འཛིན་དུ་གནས་སྤོས་གནང་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ལྷན་དང་ཚོགས་དྲུང་ལས་ཁུངས་ཀྱི་ཚབ་ཞུས་ཏེ་གསུང་དོན། དྲུང་འཕར་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་། ཡང་སྒོས་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་པའི་ལས་འགན་བཞེས་ཏེ་ལོ་ངོ་ ༧ ཙམ་རིང་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་ཁྲ་ཁག་ལ་སྐྱོན་གནད་མེད་པ་ལས་འགན་གཟེངས་སུ་ཐོན་པ་ཞུས་གནང་བ་དང་། ལྷག་བསམ་ཟོལ་མེད་ཐོག་ཞབས་ཕྱི་ཧུར་ཐག་ཞུས་གནང་ཡོད་ཅེས་གསུངས་གྲུབ་མཚམས་དགའ་སྐྱེལ་གྱི་མཇལ་དར་དང་ཕྱག་རྟགས་གནང་བ་དང་། དེ་རྗེས་སྐུ་ངོ་དྲུང་འཕར་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ཚོགས་དྲུང་ལས་ཁུངས་སུ་ཞབས་ཕྱི་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཚོགས་དྲུང་ལས་ཁུངས་སུ་ལོ་བདུན་ཕྱག་ལས་གནང་བའི་ཉམས་མྱོང་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ་བཅས་ཀྱི་གནས་ཚུལ་དུ།།

Menu