༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིནསྔ་དྲོ་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་རྣམ་གཉིས་ཀྱིས་དྲན་པའི་གོ་ཡུལ་ ”The Space of Memories” ཞེས་པའི་དམིགས་བསལ་ལས་འཆར་གྱི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། དམིགས་བསལ་ལས་འཆར་འགྲེམས་སྟོན་དེ་བཞིན་ཨི་ཊ་ལིར་རྟེན་གཞི་བྱས་པའི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (AREF International Onlus) དང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་སྦྲེལ་ཐོག་གནང་བ་ཞིག་ཡིན་འདུག
གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་ (AREF International Onlus) ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མ་རི་ལ་ཡ་ བྷེ་ལ་ཊེ་རེ་ (Ms Marillia Bellaterre, President of AREF International Onlus) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཧྥེ་ཌི་རི་ཁོ་ པེ་ཊོ་རོ་ཛི་ (Dr Federico Petrozzi, Vice President of AREF International Onlus) མཆོག རྡ་ས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། གཞན་ཡང་བྱམས་པ་གླིང་རྒས་གསོ་ཁང་གི་འགན་འཛིན་རྣམ་རྒྱལ་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་སོགས་ཆེད་ཕེབས་གནང་འདུག
སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། དྲན་པའི་གོ་ཡུལ་ལམ་དྲན་ཐོའི་གོ་ཡུལ་ “The Space of Memories” ཞེས་པ་ནི་ང་ཚོར་དྲན་པ་གང་ཡོད་པ་རྣམས་གོ་ཡུལ་གཅིག་གི་ནང་འཇུག་རྒྱུའི་ཐོག་ལ་ཐབས་ལམ་གང་ཡོད་པ་དེའི་ཐོག་ལ་ལྕམ་སྐུ་མ་རི་ལ་ཡ་ བྷེ་ལ་ཊེ་རེ་ (Ms Marillia Bellaterre, President of AREF International Onlus) མཆོག་དང་། སྐུ་ཞབས་ཧྥེ་ཌི་རི་ཁོ་ པེ་ཊོ་རོ་ཛི་ (Dr Federico Petrozzi, Vice President of AREF International Onlus) མཆོག་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་ (AREF International Onlus) ཞེས་པའི་ཚོགས་པ་དང་། དེ་བཞིན་བོད་ཀྱི་ཐེབས་རྩ་གཙོས་པའི་མི་མང་པོ་ཞིག་གིས་མཐུན་འགྱུར་གནང་བའི་ཐོག་ནས་བོད་པའི་མི་རབས་བགྲེས་པ་རྣམས་ལ་ཉམས་མྱོང་གང་ཡོད་པ་དེ་མི་རབས་གཞོན་པའི་ནང་འཇོག་ཐབས་སླད་འབད་བརྩོན་གནང་བ་དེ་བཞིན་ཧ་ཅང་གི་རླབས་ཆེན་རེད་བསམ་གྱི་འདུག དེ་ཡིན་དུས་ངས་ཁོང་རྣམ་པས་ལས་འཆར་འདི་འདྲ་ཞིག་བསྣམས་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
གཞོན་པ་ཚོར་ཞུ་རྒྱུར། མིའི་ལུས་པོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ། ཐོག་མར་མའི་མངལ་ནས་བཙས་པ་ནས་བཟུང་རིམ་པས་དར་མ་དང་། གཞོན་པ། མཐར་རྒས་འཁོགས་བཅས་ཆགས་ཏེ། ལུས་པོར་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར་སོ་སོའི་དྲན་པ་ལའང་རིམ་པས་བསྒྱུར་བ་འགྲོ་གི་ཡོད་རེད། དེ་ཡིན་དུས་སོ་སོོའི་མི་ཚེའི་ནང་གང་བྱུང་བ་རྣམས་དྲན་པ་ནས་མ་བརླག་པའི་ཆེད་དུ་ཆུང་དུས་ནས་ཉིན་ཐོ་འབྲི་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷག་པར་དུ་ང་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཤིག་ཆགས་བསྡད་ཡོད་དུས། བོད་མིའི་སྒྲིག་འཛུགས་ཀྱི་བྱ་གཞག་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡིག་ཐོགས་ལ་ཉར་ཚགས་གནང་གི་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཡོངས་རྫོགས་ཆ་ཚང་བ་ལ། ང་ཚོ་སོ་སོའི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་སྤྱི་ཚོགས་ཀྱི་བྱ་གཞག་གང་ཡོད་པ་རྣམས་ཡིག་ཐོགས་ཉར་ནས་རམ་འདེགས་ཞུ་དགོས་ཀྱི་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་དེ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཏེ། བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པའི་གནས་སྟངས་རྣམས་འདིར་ཡོད་པའི་དགུང་ལོ་བགྲེས་པ་རྣམས་ཀྱིས་དངོས་སུ་མྱོང་ཐོས་བྱུང་ཡོད་དུས། ཁོང་རྣམ་པས་དེའི་སྐབས་མྱོང་ཐོས་གང་བྱུང་བ་རྣམས་ཡིག་ཐོགས་ལ་ཉར་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད།
དེང་གི་དུས་ནི་བརྡ་འཕྲིན་གྱི་དུས་ཚོད་ཡིན་དུས། གྲངས་མཛོད་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། གྲངས་མཛོད་ལ་གནས་ཚུལ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད། ང་རང་ཚོ་མི་རེ་ངོ་རེའི་གནས་ཚུལ་དེ་གྲངས་མཛོད་ནང་འཇོག་ཐུབ་པ་ཡིན་ན། གྲངས་མཛོད་འདིའི་ཐོག་ནས་བོད་མི་རིགས་ཀྱི་འཐབ་རྩོད་དང་། ༧སྐྱབས་མགོན་རིན་པོ་ཆེའི་ཞབས་འོག་ལ་ང་ཚོས་རམ་འདེགས་ཇི་ལྟར་ཞུས་པའི་སྒྲུང་དེ་གཞིས་བཞུགས་སྤུན་ཟླ་ཚོར་ཤོད་རྒྱུའི་གོ་སྐབས་ཡོད་པ་ཞིག་ཏན་ཏན་ཆགས་ཀྱི་རེད། རྩ་བའི་བརྡ་འཕྲིན་གྱི་སྤྱི་ཚོགས་ཤིག་ལ་བསྒྱུར་ཐབས་སུ་གནས་ཚུལ་ཆ་ཚང་བ་ཞིག་དགོས་ཀྱི་ཡོད་པ་དང་། གནས་ཚུལ་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ཞབས་ཞུ་དང་། དཔལ་འབྱོར་སྲ་བརྟན། འཐབ་རྩོད་གནང་ཕྱོགས་སོགས་ཀྱི་འཆར་གཞི་བསྒྲིག་ཐུབ་ཀྱི་ཡོད། དེ་ཡིན་དུས་ད་ལྟ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ལས་འཆར་ཐོག་གྲངས་ཐོ་བསྡུ་རུབ་གནང་རྒྱུ་གལ་ཆེན་པོར་བརྩིས་ཏེ། གྲངས་ཐོ་བསྡུ་རུབ་ཀྱི་ལས་འཆར་ཞིག་འགོ་བཙུགས་ཟིན་པ་དང་། ལས་འཆར་དེའི་ཐོག་བོད་མི་ཚང་མས་ངེས་པར་དུ་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་དང་། (AREF International Onlus) ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མ་རི་ལ་ཡ་ བྷེ་ལ་ཊེ་རེ་ (Ms Marillia Bellaterre, President of AREF International Onlus) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཧྥེ་ཌི་རི་ཁོ་ པེ་ཊོ་རོ་ཛི་ (Dr Federico Petrozzi, Vice President of AREF International Onlus) མཆོག བྱམས་པ་གླིང་རྒས་གསོ་ཁང་གི་འགན་འཛིན་རྣམ་རྒྱལ་ལགས། རྡ་ས་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་བཅས་ནས་ལས་འཆར་དང་འབྲེལ་བའི་གསུང་བཤད། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་སྟེ། མཛད་སྒོ་གྲོལ་ཡོད་པ་དང་།
ཉིན་རྒྱབ་ (AREF International Onlus) ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མ་རི་ལ་ཡ་ བྷེ་ལ་ཊེ་རེ་ (Ms Marillia Bellaterre, President of AREF International Onlus) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཧྥེ་ཌི་རི་ཁོ་ པེ་ཊོ་རོ་ཛི་ (Dr Federico Petrozzi, Vice President of AREF International Onlus) མཆོག་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་བཅས།