དམིགས་བསལ་ཚོགས་ཆེན།

༄༅། །ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་གོ་བསྡུར་གནང་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་རྒྱུའི་ཐུགས་གཏན་འཁེལ་ཟིན་པ་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༦ ཉིན་བཀའ་སྤྱི་ལྷན་ཚོགས་གནང་སྟེ་ཚོགས་ཆེན་བསྡུ་སྐོང་གནང་རྒྱུའི་ལས་རིམ་གཏན་འབེབས་གནང་ཟུར་གསལ་ལྟར་དང། དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང། དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོང་གནང་སྟེ་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་སྐོར་ཞིབ་གནས་གསལ་བསྒྲགས་དང་། དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།

དམིགས་བསལ་ཚོགས་ཆེན་བསྡུ་སྐོང་གི་ཞིབ་ཕྲའི་ཡོངས་ཁྱབ་བརྡ་ཐོ་རིང་མིན་ཚོགས་དྲུང་ལས་ཁུངས་ནས་འབུལ་གཏོང་ཞུ་རྒྱུ་དང་། ཚོགས་ཞུགས་ཁོངས་དང་བླངས་པ་རྣམས་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་ནང་གསལ་ལྟར་དགོས་ཐོག དང་བླངས་པ་རྣམས་ནས་ཚོགས་སྐོང་བརྡ་ཐོའི་ནང་དུས་བཀག་ནང་གསལ་ལྟར་མ་གཏོགས་དེའི་སྔོན་དུ་དང་བླངས་འཛུལ་ཞུགས་ཀྱི་སྙན་ཞུ་ཕུལ་འབྱོར་རིགས་ངོས་བཞེས་གནང་རྒྱུ་མིན་པ་བཅས།            ཚོགས་དྲུངས་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༧ ལ།།

Menu