དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༦ ཉིན་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། གཞན་སྐུ་མགྲོན་དུ་དབུས་གཙང་གི་སྤྱི་འཐུས་རྣམ་པ། དབུས་གཙང་ཆོལ་ཁའི་རྒྱུན་ལས་རྣམ་པ། དེ་བཞིན་སེར་སྐྱ་མི་མང་སོགས་འདུ་འཛོམས་ཐོག་དགེ་འདུན་པ་ཁག་ཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་རྗེས། དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ནས་སྒྲིག་འཛུགས་ཀྱི་ལས་བསྡོམས་སྒྲོགས་སྦྱང་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་བརྒྱུད་ནས་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒན་རབས་རྣམས་ལ་ལེགས་སོའི་ཕྱག་རྟགས་ཕུལ་གནང་སོང་།

 

སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་བོ་གསུང་དོན། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་དེ་ཉིད་ཐོག་མར་ཕྱི་ལོ་ ༡༩༨༣ ཟླ་ ༣ ཚེས་ ༡༦ ཉིན་དབུ་འཛུགས་པ་ནས་ད་བར་མི་ལོ་ ༤༠ རིང་བོད་སྤྱི་དང་། ལྷག་པར་དུ་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་གནང་དང་གནང་མུས་ཡིན་པ་དང་། ད་ཆ་སྒྲིག་འཛུགས་དབུ་འཛུགས་ནས་ལོ་ ༤༠ འགྲོ་བཞིན་ཡོད་པ་དེ་ཡང་གཙོ་བོ་ཚོགས་གཙོ་རིམ་པ་དང་། རྒྱུན་ལས་རིམ་པས་སྐུ་ངལ་བསྐྱོན་པར་བརྟེན་ནས་བྱུང་བ་ཞིག་ཡིན་དུས། འབྲེལ་ཡོད་སྐུ་ངལ་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ངོས་ནས་ཚོགས་པ་ལས་སྤྱི་པའི་ལས་དོན་གལ་ཆེ་བར་བརྩི་དགོས་པ་དང་། དབུས་གཙང་ཆོལ་ཁའི་གྲོས་ཆོད་སྔ་རྗེས་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་ཡོད་ཅིང་། སྲིད་བྱུས་དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་འཆར་དང་། མང་ཚོགས་ནས་ཚད་མཐོའི་རྒྱབ་སྐྱོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་བཞག་པ་བཅས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ཐོག་ནས་གཏན་འབེབས་གནང་བ་ཞིག་ཡིན་དུས། དབུས་གཙང་ཆོལ་ཁའི་མང་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བརྒྱུད་རིམ་རྣམས་ལ་སྦྱང་བརྩོན་གནང་དགོས་གལ། གཞི་རྩའི་གང་ཟག་སྒེར་གྱི་ངོས་ནས་ཆབ་སྲིད་ལངས་ཕྱོགས་གང་བཟུང་ནའང་འགྲིག་གི་ཡོད་པ། མཐར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྒྲིག་འཛུགས་ངོས་ནས་ཁྱབ་ཁོངས་མི་མང་མང་ཤོས་ལ་གཞིགས་པའི་གཞོན་སྐྱེས་གསོ་སྐྱོང་ཆེད་གླེང་སྟེགས་བསྐྲུན་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། ཁྱབ་ཁོངས་མི་མང་གིས་སྒྲིག་འཛུགས་ལ་ཡིད་ཆེས་དང་། གདེང་འཇོག་སླེབས་ཐབས་བྱེད་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད་འདུག་པ་བཅས། །