དཔལ་ས་སྐྱའི་བྱེས་ཀྱི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་ཕྱག་བཏབ་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན།

༄༅། །ཕྱི་ལོ་ ༢༠༡༤།༡༡།༡༣ དང་། ༡༤ སྟེ་ཉིན་གཉིས་ཀྱི་རིང་རྒྱ་གར་བྱང་ཕྱོགས་མངའ་ཁུལ་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དབུ་བརྙེས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་མཛད་སྒོ་ཟབ་རྒྱས་ཤིག་གནང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དམིགས་བསལ་སྐུ་མགྲོན་དུ་གཞུང་འབྲེལ་གདན་ཞུས་ལྟར་ཕེབ་བཅར་གནང་ཡོད། ད་དུང་ས་སྐྱའི་སྤྱི་འཐུས་མཆོག་དང།  སྤྱི་འཐུས་རྣམ་པ་གཞན་ཁག་གཅིག་ཀྱང་མཛད་སྒོར་མགྲོན་འབོད་གནང་ཡོད་པ་བཞིན་ཕེབས་ཞུགས་གནང་འདུག།

raj1

          སྐབས་དེར་མཛད་སྒོའི་ཚོགས་མགོན་དུ་དཔལ་ས་སྐྱའི་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཆོག་དང་། སྐྱབས་མཆོག་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག  ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ། གདན་ས་ངོར་མཁན་པོ་ཁྲི་པས་དབུས་བླ་ཆེན་རྣམ་པ། དེ་བཞིན་དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་།raj བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོ་སྤེན་པ་ཚེ་རིང་མཆོག། བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་བཅས་ཕེབས་ཡོད་པ་དང་། ད་དུང་མགྲོན་འབོད་ཁོངས་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་།  སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་ཟུར་ཁག་གཅིག ཝ་རཱ་ནཱ་སིའི་མཁས་དབང་མི་ཤྲཱ་མཆོག  གཞན་ཡང་རྫོང་སར་བཤད་གྲྭ་དང་། ས་སྐྱ་མཐོ་སློབ། མ་དགོན་བཤད་གྲྭ་ཐུབ་བསྟན་སྲིད་གསུམ་རྣམ་རྒྱལ་གླིང་གི་མཁན་ལས་ཟུར་གྱིས་དབུས་མཁན་སྤྲུལ་གྲྭ་བཙུན་རྣམས་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་འབྲེལ་ཡོད་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་མང་སྟོང་ཚོ་ལྔ་ལྷག་ཙམ་ཞིག་འདུ་འཛོམས་གནང་ཡོད་འདུག ཐོག་མར་ཆེས་མཐོའི་སྐུ་མགྲོན་རྣམ་པས་སྣང་གསལ་ཞལ་འབྱེད་གནང་ནས་བཞུགས་གྲལ་ལ་འཁོད་རྗེས། ས་སྐྱ་ཆོས་སྒར་གྱི་གྲྭ་ཆུང་ཁག་ཅིག་དང་བཙུན་དགོན་གྱི་བཙུན་མ་ཁག་ཅིག་གིས་རིམ་བཞིན་བསྟོད་དབྱངས་ཀྱི་ཤིས་ཚིག་ཕུལ་བ་དང་། raj2དེ་ནས་རིམ་བཞིན་ས་སྐྱ་ཆོས་སྒར་གྱི་འགན་འཛིན་དྲུང་ཆེ་སློབ་དཔོན་བསོད་ནམས་ཆོས་རྒྱལ་ལགས་དང་། མཁས་དབང་མི་ཤྲ་མཆོག་ནས་ས་སྐྱ་ལེགས་བཤད་སྐད་ཡིག་གསུམ་ཐོག་ཕབ་བསྒྱུར་དང་འབྲེལ་བའི་གསུང་བཤད་གྲུབ་མཚམས།  ས་སྐྱའི་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་གསུངས་དོན། ས་ཆེན་༸གོང་མ་ལྔ་ཡི་སྐུ་རིང་ལ། བོད་གངས་ཅན་ལྗོངས་སུ་རིག་པའི་གནས་ཆེན་ལྔ་དང་གནས་ཆུང་ལྔ་སྲོལ་ཕྱེས་ནས་དར་རྒྱས་བྱུང་ཞེས་དང་།  ཁྱད་པར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཡུལ་ཧོར་སོག་གི་དབང་འོག་ནས་ཐར་ཆེད་སོག་ཡུལ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འགོད་གནང་མཛད་རྗེས། བོད་རྒྱལ་ཁབ་ཆེན་པོ་བསྐྱར་གསོ་གནང་སྟེ། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ན་མཉམ་པའི་ཆོལ་གསུམ་ས་ཁྱོན་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཞེས་སོགས་གསུངས།   དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་སོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་དང་གསུང་བཤད་གྲུབ་མཚམས། དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནི་བོད་བསྟན་སྲིད་མི་རིགས་དང་བཅས་པ་ཛ་དྲག་ཉག་ཕྲའི་དུས་འདིར།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕུད་མཛད་རྗེས་ཤིན་ཏུ་ཆེ་བའི་བླ་ཆེན་ཞིག་ཡིན་པ་དང་། བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི། གཡུང་དྲུང་བོན་དང་བཅས་པ་ལ་རིས་མེད་ཀྱི་བཀའ་དྲིན་སྐྱོང་མཁན་གཙོ་བོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཅེས་དང་། ལྷག་དོན་དུ་དོལ་རྒྱལ་སྐོར་ལ་དེ་སྔོན་གནས་ཚུལ་གསལ་བཤད་ཤིན་ཏུ་ཞིབ་ཕྲ་མཛད་པ་ལ་ཐུགས་རྗེ་དང་བཀའ་དྲིན་བླ་ན་མེད་དུ་ཆེ་ཞེས་ཞུ་འདོད་བྱུང་ཞེས་སོགས་གསུངས། སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེས་བཀའ་སློབ་བསྩལ་དོན། འདས་པའི་མི་ལོ་ལྔ་བཅུ་ཟེར་དུས་ལོ་རྒྱུས་ཀྱི་དབང་དུ་བྱས་ན་རྒྱུན་རིང་པོ་མིན་ན་ཡང་མི་གཅིག་གི་མི་ཚེའི་ཆར་བགོས་ན་རིང་པོ་རེད། ཆོས་སྒར་འདི་ཐོག་མ་ཕྱི་ལོ་ ༡༩༦༤ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་དབུ་བརྙེས་པ་ནས་ད་བར་བརྩིས་ན་ལོ་ལྔ་བཅུ་ཧྲིིལ་པོ་འཁོར་གྱི་ཡོད་པ་རེད། དུས་དྲན་སྲུང་བརྩི་བྱེད་དགོས་རྒྱུ་དེ་འདས་པའི་ལོ་ལྔ་བཅུ་ལ་ཕྱི་མིག་ཅིག་བལྟས་ན་ང་རང་ཚོས་ག་རེ་གནང་ཐུབ་ཡོད་པ་དང་། མ་འོངས་པ་ལོ་ལྔ་བཅུ་ལ་ག་རེ་གནང་དགོས་ས་རེད། དེ་དག་ལ་བསྐྱར་ཞིབ་གནང་རྒྱུ་རེད་ཅེས་དང་། raj3སྐབས་དེར་དཔལ་འབྱོར་གྱི་འཁོས་བབ་ཧ་ཅང་ཞན་པས་དགེ་འདུན་པ་རྣམས་ཚོགས་ཁང་དང་ཉལ་ཁང་རས་གུར་ཕུབ་ནས་བཞུགས་དགོས་པའི་གནས་སྟངས་བྱུང་ཡོད་སོགས་གསུངས་པ་དང་། མདོར་ན་ད་བར་གྲུབ་འབྲས་ག་རེ་བྱུང་ཡོད་པ་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་པས། གང་ཉིད་ཀྱི་བཀའ་དྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཡིན་ཞེས་དང་། ད་བར་གནས་ཡུལ་རྒྱ་གར་གཞུང་དང་མངའ་སྡེའི་ཡུལ་མི་སོགས་ཀྱི་མཐུན་འགྱུར་གནང་བ་ལ་ཐུགས་རྗེ་ལེགས་སོ་ཞུ་བ་སོགས་བཀའ་སློབ་ཟབ་རྒྱས་བསྩལ། དེའི་རྗེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་སྟེ། གསུང་བཤད་ཀྱི་མཛད་རིམ་ཁག་གྲུབ་རྗེས། ༸སྐྱབས་མཆོག་༸གོང་མ་རིན་པོ་ཆེ་མཆོག་གིས་ས་སྐྱའི་མ་དགོན་བཤད་གྲྭའི་སློབ་པ་མཐར་སོན་པ་ཁག་ཅིག་ལ་བཀའ་བཅུ་པ་དང་སློབ་དཔོན་གྱི་ཕྱག་འཁྱེར་གནང་། དེ་ནས་ཉེ་འཁོར་དུ་ཡོད་པའི་སློབ་གྲྭ་ཁག་དང་ས་སྐྱ་གཞིས་ཆགས། གླུ་པ་ཚེ་རིང་འགྱུར་མེད་དང་མཁྱེན་བརྩེ་སོགས་ཀྱིས་རིག་གཞུང་འཁྲབ་སྟོན་དང་གཞས་སྣ་གཟིགས་འབུལ་ཞུས།

རྩ་བའི་དུས་འགྱུར་མ་བྱུང་གོང་བོད་ས་སྐྱའི་གདན་སར་ཆོས་སྡེ་ལྷོ་བྱང་གཉིས་ཞེས་མདོ་སྔགས་ཀྱི་སློབ་སྦྱོང་གནང་ས་ཐ་དད་ཡོད་པ་ལྟར་ར་ཇཱ་པུར་ (Rajpur) ས་སྐྱ་ཆོས་སྒར་འདི་ཉིད་ཀྱང་གཙོ་བོ་སྔགས་ཕྱོགས་ཀྱི་སློབ་གཉེར་གནང་ས་བསྟི་གནས་ཤིག་ཡིན་པ་དང་། ད་བར་གཙོ་བོ་ཡི་དམ་ཁག་གི་སྒྲུབ་མཆོད་ཀྱི་དབུ་འཛིན་དང་། རྡོ་རྗེ་སློབ་དཔོན། དཔོན་སློབ། ཕུར་སྒྲུབ་འདོན་པའི་རྒྱུགས་སྤྲོད་ཟིན་པ་བཅས་ཁྱོན་མི་སྣ་གསུམ་བརྒྱ་ཡས་མས་ཤིག་སྐྱེད་བསྲིངས་གནང་ཡོད་འདུག ད་ཆ་གདན་ས་འདིའི་ཡན་ལག་ལྟ་བུ་གཞུང་ཆེན་ཁག་གི་སློབ་སྦྱོང་གཙོ་བོ་གནང་ས་སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭ   བཙུན་དགོན་རིན་ཆེན་ཆོས་གླིང་། ས་སྐྱ་སྨན་ཁང་། གྲྭ་ཆུང་གི་གཞི་རིམ་སློབ་གྲྭ་བཅས་ཡོད་འདུག་པ་མ་ཟད། མི་རིང་བར་འཁོན་གདུང་སྐུ་གཞོན་རིན་པོ་ཆེས་ཐུགས་འགན་གཙོ་བཞེས་ཐོག་གནའ་དེང་གི་སློབ་སྦྱོང་ཆ་ཚང་ཡོད་པའི་སློབ་གྲྭ་གསར་པ་ཞིག་ཀྱང་གསར་རྒྱག་ཟིན་ནས་རིང་མིན་དབུ་འཛུགས་གནང་རྒྱུ་རེད་འདུག ཕྱི་ཚེས་ ༡༤ ཉིན་༸སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེས་ཕྱི་ནང་གི་སྐུ་མགྲོན་ཁག་གཙོ་བོར་གྱུར་པའི་མི་མང་ལ་ནོར་བུའི་བསྟན་པའི་སྤྱི་དབང་གི་རྗེས་གནང་བཀའ་དྲིན་ཆེ་གནང་མཛད་དེ་མི་མང་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སྟེ་ལོ་ལྔ་བཅུའི་དུས་དྲན་གྱི་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན་པ་དང་། རིང་མིན་ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༣༠ བར་སྐྱབས་མགོན་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ས་སྐྱའི་རྗེ་བཙུན་གོང་མ་རྣམ་ལྔའི་གསུང་འབུམ་ཆ་ཚང་ལྗགས་ལུང་གནང་རྒྱུའི་མཛད་རིམ་ཡོད་འདུག་པའི་གསར་གནས་སུ།།

Menu