ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ནས་ ༡༡ བར་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ས་སྐྱའི་ཁྲི་རབས་ཞེ་གཉིས་པའི་ཁྲི་འདོན་རྟེན་འབྲེལ་མཛད་སྒོའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། རྒྱུན་ལས་ཁག་གཅིག་ཚེས་ ༨ ཉིན་ནས་ཕེབས་ཐོན་གནང་། ཚོགས་གཞོན་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་གཞན་ཁག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ལེགས་པར་གྲུབ་མཚམས་དཔལ་ས་སྐྱའི་ཁྲི་རབས་ཞེ་གཉིས་པའི་ཁྲི་འདོན་མཛད་སྒོར་བཅར་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཁྲི་འདོན་གྱི་མཛད་སྒོ་གྲུབ་མཚམས་ཧར་ཡ་ན་གྲོང་ཁྱེར་ཀར་ནལ་ནང་ཕྱོགས་ཕེབས་གནང་རྒྱུ་དང་། ཁུལ་དེར་ཕྱི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་མགྲོན་འབོད་གནང་དོན་ལྟར་དཔལ་ལྡན་ཚོགས་གཞོན་མཆོག་མཉམ་ཞུགས་གནང་གཏན་འཁེལ་འདུག དེ་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཕྱི་ཚེས་ ༡༡ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་གཏན་འཁེལ་ཡོད་པ་བཅས་ཀྱི་གསར་གནས་སུ།།