དཔལ་ས་སྐྱའི་ཁྲི་འཛིན་ ༤༣ པའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

༄༅། །༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་དབུས་དཔལ་ས་སྐྱའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་བགྲེས་གཞོན་རྣམ་པ་དང་། རྗེ་བཙུན་མ་རྣམ་པ། བླ་ཆེན་ཁག་དང་། རྒྱལ་ཡུམ་ཆེན་མོ་དང་བདག་མོ་སྐུ་ཞབས་ལྷན་རྒྱས། གཞན་ཡང་མཁན་སྤྲུལ་རྣམས་དང་། སྐུ་མགྲོན་རྣམ་པ། འདུས་ཚོགས་ལྷན་རྒྱས་ལ་དེ་རིང་ནི་༧སྐྱབས་མགོན་༧གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ལུགས་གཉིས་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བར་མངའ་གསོལ་རྟེན་འབྲེལ་ཞུ་རྒྱུའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

བོད་གངས་ཅན་ཞིང་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ཆོས་གསུམ་སོགས་རིམ་པར་བྱོན་པའི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་ཐུགས་བསྐྱེད་མཛད་ཁུར་བླ་མེད་བསྐྱངས་པ་ལ་བརྟེན་ནས་རྒྱལ་བསྟན་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ནས་བོད་གངས་ཅན་ལྗོངས་སུ་དར་རྒྱས་བྱུང་བ་ནི་བོད་ཀྱི་སྐྱེ་འགྲོ་སྤྱི་དང་། དེང་གི་འཛམ་གླིང་གོ་ལའི་ཁྱོན་དུ་བོད་ཀྱི་ནང་ཆོས་ཀྱི་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཀྱིས་བོད་ཙམ་མ་ཟད་ཆེན་པོ་ཧོར་སོགས་བརྒྱུད་རྒྱལ་བསྟན་རིན་པོ་ཆེར་དད་གུས་ཆེན་པོས་བོད་སོག་མཆོད་ཡོན་ཀྱི་འབྲེལ་བ་བཙུགས་ཏེ་བསྟན་འགྲོར་ཕན་པའི་མཛད་རྗེས་བླ་མེད་བསྐྱངས་ཡོད། དེ་ཡང་ཕྱི་ལོ་ ༡༢༤༠ ལོར་སོག་པོའི་རྒྱལ་པོ་ཆིང་གེ་སེ་ཁང་གི་ཚ་བོ་གོ་དན་ཁང་གིས་བོད་ལ་དམག་དཔུང་དྲངས་ཏེ་སྐབས་དེའི་བོད་ཀྱི་བླ་ཆེན་གྲས་ནས་མཚན་སྙན་ཆེ་བ་འཇམ་མགོན་ས་སྐྱ་པཎྡིཏ་ཀུན་དགའ་རྒྱལ་མཚན་གདན་འདྲེན་ཞུས། དེ་ནས་བོད་དང་སོག་པོའི་དབར་མཆོད་ཡོན་གྱི་འབྲེལ་བ་འགོ་ཚུགས། གོ་དན་ཁང་གི་རྗེས་སུ་སོག་པོའི་རྒྱལ་པོ་ཀུབ་ལའི་ཁང་གིས་ནང་ཆོས་ལ་དད་ནས་ས་པཎ་གྱི་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བླ་མར་བསྟེན་ཏེ་ནང་པའི་ཆོས་དེ་རྒྱལ་ཁབ་ཀྱི་ཆོས་སུ་ཁས་བླངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུ་བླར་བཀུར། ཕྱི་ལོ་ ༡༢༥༤ ལོར་ཀུབ་ལའི་ཁང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བཀའ་དྲིན་གསོ་ཕྱིར་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་ཆོས་སྲིད་ཀྱི་བདག་དབང་ཆ་ཚང་ཕུལ་ཏེ་མཚན་བསྟོད་གནང་བ་ནས་བཟུང་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་གྱིས་རིས་སུ་མ་ཆད་པའི་རྒྱལ་བསྟན་བཤད་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་ཡོད།

དེ་རྗེས་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་སྔ་རྗེས་བྱུང་བ་དང་། ཕྱི་ལོ་ ༡༦༤༢ ལོ་ནས་༸གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་མཛད་ཅིང་བོད་གཙོས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་བསྟན་འགྲོར་ཕན་པའི་རྨད་བྱུང་གི་མཛད་རྗེས་བསྐྱངས་ཡོད།

སྟབས་ཉེས་པ་ལ་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་གྱིས་བོད་ནང་དྲག་པོའི་བཙན་འཛུལ་དཔུང་འཇུག་གིས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཇེ་ཆེར་གྱུར་སྟབས། ཕྱི་ལོ་ ༡༩༥༠ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་དགུང་གྲངས་ ༡༦ ལས་མ་ཕེབས་ཀྱང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ། བོད་ཀྱི་གནས་བབ་སྔ་སོར་ཆུད་ཐབས་སུ་རྒྱ་གཞུང་ལ་འབྲེལ་ལམ་རིམ་བསྟུད་གནང་ཡང་རྒྱ་ནག་གཞུང་གིས་དྲག་ཤུགས་ཁོ་ནའི་བྱེད་བབ་དབང་གིས་མཐར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་བ་དང་། གང་གི་ཕེབས་རྗེས་སུ་འབྱོར་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་གནས་བབ་སོགས་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་རྒྱ་གར་གཞུང་ལ་འབྲེལ་ལམ་གོ་བསྡུར་རིམ་པ་བརྒྱུད་དེ་བཙན་བྱོལ་དུ་གཞིས་ཆགས་ཁག་དང་། སློབ་གྲྭ་ཁག་གསར་འཛུགས། དགོན་སྡེ་ཁག་གསར་བཞེངས་སོགས་ལྷག་པར་བོད་མིའི་ཆབ་སྲིད་རང་བཞིན་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་བཞེད་སྔོན་ཡོད་ལྟར་ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བས་མཚོན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཚགས་ཚུད་མཛད་པ་སོགས་ནི་༸གོང་ས་མཆོག་གིས་རླབས་ཆེན་གྱི་དགོངས་བཞེད་ལས་བྱུང་བ་མ་ཟད། གང་ཉིད་ཀྱིས་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་གསོལ་སྩལ་མཛད་ནས་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག  བོད་ཀྱི་ཁོར་ཡུག ཆོས་ལུགས་མཐུན་སྒྲིལ། འགྲོ་བའི་མིའི་བྱམས་བརྩེ་སོགས་ཀྱི་ཐད་འཛམ་གླིང་ཡུལ་གྲུ་གང་སར་མུ་མེད་པར་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་འཛམ་གླིང་རྒྱལ་ཁབ་གང་ས་ནས་སྐྱེ་བོ་འབུམ་ཕྲག་མང་པོས་བསྔགས་བརྗོད་དང་གུས་བཀུར་བླ་མེད་དུ་ཞུ་བཞིན་ཡོད།

གང་གི་གསང་གསུམ་མཛད་འཕྲིན་ལ་དབུ་འོག་དཔུང་འདེགས་ཞུ་མཁན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་དཔལ་བཟང་པོ་མཆོག་གིས་ཐུགས་བསྐྱེད་མཛད་འཕྲིན་ཆེས་ཆེར་རྒྱས་ཏེ། བསྟན་འགྲོ་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཀྱི་བཤད་སྒྲུབ་ཟུང་དང་། མཐུན་མིན་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གྱི་ཐུགས་འགན་བསྐྱེད་བཞེས་མཛད་དེ་ཆོས་ཀྱི་བསྟི་གནས་གདན་ས་ཁག་གསར་བཞེངས་དང་། རྒྱལ་ཕྱི་ནང་གི་ཆོས་ཚོགས་ཁག་གསར་འཛུགས་བཅས་ཀྱིས་བཤད་སྒྲུབ་གཉིས་ཀའི་སྒོ་ནས་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པ་དང་། ལྷག་པར་དུ་བོད་ཀྱི་དུས་ཚོད་ཉག་ཕྲ་བའི་དུས་སྐབས་འདིར་བོད་ཀྱི་ཆོས་སྲིད་ཀྱི་བྱ་བ་གང་ཅིར་རྒྱུན་ཆད་མེད་པར་རམ་འདེགས་མཛད་དང་མཛད་བཞིན་པ་སོགས་ལ། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་དད་གུས་ཆེན་པོས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

མགོན་པོ་གང་ཉིད་ཀྱིས་ཐུགས་འགན་གཙོ་བཞེས་མཛད་པའི་དཔལ་ས་སྐྱའི་ཁྲི་འཛིན་གྱི་ཕེབས་ཕྱོགས་ལམ་ལུགས་གསར་གཏོད་མཛད་པ་འདི་ཉིད་ཕྱི་ལོ་ ༢༠༡༤ ལོར་གནས་མཆོག་ལུམྦི་ནིའི་ཚལ་དུ་ས་སྐྱ་སྨོན་ལམ་འདུས་ཚོགས་སུ་ཡོངས་ཁྱབ་ཕྱིར་བསྒྲགས་མཛད་དོན་བཞིན། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ཁྲི་འཛིན་གྱི་མཚན་གནས་བཞེས་ཕྱོགས་ཀྱི་ལམ་ལུགས་འགྱུར་བ་གནང་སྟེ། མཁྱེན་ཡོན་གྱི་ཆ་རྐྱེན་དང་བཅས་པའི་ཕོ་བྲང་གཉིས་ཀའི་གདུང་སྲས་རྣམས་བགྲེས་རིམ་བཞིན། ལོ་གསུམ་རེའི་རིང་བསྟན་བདག་ཁྲི་འཛིན་གྱི་མཚན་གནས་བཞེས་སྐྱོང་མཛད་རྒྱུ་ཐག་གཅོད་མཛད་གནང་བ་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལའང་དེ་དོན་༸སྙན་གསན་ཞུས་པར་༸གོང་ས་མཆོག་གིས་”འདི་ནི་དུས་མཐུན་གྱི་དགོངས་བཞེས་ཧ་ཅང་ལེགས་པོ་བྱུང་འདུག་པར་ཡི་རངས་བསྔགས་བརྗོད་ཡོད་”ཅེས་བསྟོད་བཀུར་བསྔགས་བརྗོད་བཅས་གནང་སྟེ་ཐུགས་དགྱེས་ཚོར་མཛད་པ་སོགས་དུས་བསྟུན་རླབས་ཆེན་གྱི་མཛད་བཟང་འདི་ལ་ཀུན་གྱིས་བཀུར་ཞིང་ཀུན་གྱིས་མངོན་པར་བསྟོད་བཞིན་ཡོད། ༧སྐྱབས་མགོན་༧ས་སྐྱ་༧གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འཛིན་གྱི་ཐུགས་འགན་བཞེས་པའི་རིང་ལ་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་རླབས་ཆེན་གྱི་མཛད་བཟང་བསྐྱངས་པ་རྣམས་ལ་གུས་བཀུར་བསྔགས་བརྗོད་ཞུ་རྒྱུ་དང་། སླད་མར་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུ་རྒྱུ་ཡིན།

བར་སྐབས་འཛམ་གླིང་ཀུན་ལ་ནད་ཡམས་ཀྱིས་དཀའ་ངལ་ཆེར་བྱུང་བས་དུས་མཚམས་སུ་ཁྲི་འཛིན་ ༤༣ པའི་མཛད་སྒོར་དུས་འགྱངས་མི་ཞུ་ཀ་མེད་ཆགས་ཀྱང་དེ་རིང་གི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་འདིར༸སྐྱབས་མགོན་༧ས་སྐྱ་༸གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ལུགས་གཉིས་ཀྱི་ཁྲི་འཛིན་ ༤༣ པར་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བར་མངའ་གསོལ་གཟེངས་བསྟོད་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ལའང་གལ་ཆེ་བའི་དུས་ཚོད་ཅིག་ཆགས་ཡོད། ༧སྐྱབས་མགོན་ས་སྐྱ་༧གོང་མ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གི་དཔལ་སྐྱའི་ཁྲི་འཛིན་ ༤༣ པའི་མཛད་ཁུར་བདག་གིར་བཞེས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་ས་སྐྱ་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་དང་། ཁྱད་པར་དུ་བོད་ཀྱི་དུས་ཚོད་ཉག་ཕྲ་བའི་དུས་སྐབས་འདིར་བོད་བསྟན་སྲིད་མི་རིགས་དང་བཅས་པར་ཐུགས་བསྐྱེད་གོ་ཆ་བཙན་པོ་བདག་གིར་བཞེས་ཏེ་རླབས་ཆེན་མཛད་བཟང་སྐྱོང་བཞེས་ཡོང་བ་དང་། དེ་བཞིན་དཔལ་ལྡན་ས་སྐྱ་པའི་བསྟན་པའི་སྐྱེས་ཆེན་རྣམས་ཀྱིས་དབུས་རྗེས་འཇུག་སེར་སྐྱ་མང་ཚོགས་དང་བཅས་པས་གང་ཉིད་ཀྱི་མཛད་བཟང་ལ་ཡི་རངས་དགའ་གུས་ཆེན་པོས་བཀུར་ཞིང་། བསྟན་འགྲོར་ཕན་པའི་མཛད་འཕྲིན་རྣམས་ལ་ཞབས་འདེགས་ཞུ་རྒྱུ་དང་། གང་ཉིད་ཀྱི་དགོངས་བཞེད་རྣམས་ཇི་བཞིན་འགྲུབ་པའི་རེ་སྨོན་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ༧ས་སྐྱ་ཁྲི་ཆེན་༧གོང་མ་རིན་པོ་ཆེ་མཆོག་གིས་དབུས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བ་དང་། དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་འཕྲིན་རྣམས་དབྱར་གྱི་ཆུ་བོ་བཞིན་རྒྱས་པའི་སྨོན་འདུན་ཞུ་རྒྱུ་བཅས།     བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༧ ལ།། །།

Menu